མགོན་པོ་སྐྱིད་ལགས་ནས་མུ་མཐུད་རྡོ་རྗེ་བཀྲ་ཤིས་ཀྱི་ཁྲིམས་ཆད་དྲང་བདེན་དགོས་པའི་ཞི་རྒོལ་ལས་འགུལ་སྤེལ་བཞིན་འདུག

2024.05.29
མགོན་པོ་སྐྱིད་ལགས་ནས་མུ་མཐུད་རྡོ་རྗེ་བཀྲ་ཤིས་ཀྱི་ཁྲིམས་ཆད་དྲང་བདེན་དགོས་པའི་ཞི་རྒོལ་ལས་འགུལ་སྤེལ་བཞིན་འདུག མགོན་པོ་སྐྱིད་ལགས་ནས་ཞུ་གཏུག་ལས་འགུལ་སྤེལ་བཞིན་པའི་སྐབས། ༢༠༢༤།༠༥།༢༨ ཉིན།
མི་སེར་གསར་འགོད་པ།

ཕྱི་ལོ་ ༢༠༢༤ ཟླ་བ་ ༥ ཚེས་ ༢༨ ཉིན། རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་བོད་ཀྱི་ཚོང་བ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ནས།དེ་སྔ་ཁོ་མོར་རྒྱ་ནག་པེ་ཅིན་ཆེས་མཐོའི་མི་དམངས་ཉེན་རྟོག་ཁང་ནས་སྤྲད་པའི་ཡི་གེ་ཞིག་བཟུང་སྟེ། བོད་རང་སྐྱོང་ལྗོངས་མཐོ་རིམ་མི་མང་ཁྲིམས་ཁང་མདུན་དུ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་བཙོན་འཇུག་ཁྲིམས་ཆད་ལ་བསྐྱར་ཞིབ་ཆེད་ཞི་རྒོལ་ལས་འགུལ་སྤེལ་སྐབས། ལྷ་སའི་ཉེན་རྟོག་པས་ཁོང་མོ་བཀག་འགོག་དང་བཅར་རྡུང་བྱས་ཡོད་པ། བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

འབྲེལ་ཡོད་ནས་མུ་མཐུད་བརྗོད་དོན་ལ།མགོན་པོ་སྐྱིད་ལགས་བཅར་རྡུང་དང་བཀག་འགོག་རྗེས་ད་ལྟའི་རང་ཁྱིམ་དུ་ཀློད་ཡོད་ན་ཡང་། ཁོ་མོའི་ལག་པ་དང་གཟུགས་པོར་སྔོ་ཐིག་བབ་ཡོད་སྐོར་བརྗོད་བྱུང་ལ།ཡང་འབྲེལ་ཡོད་ནས་བརྙན་ཁག་ཅིག་མཁོ་སྤྲོད་གནང་བའི་ནང་། མགོན་པོ་སྐྱིད་ལགས་ནས་པེ་ཅིན་ཆེས་མཐོའི་མི་དམངས་ཉེན་རྟོག་ཁང་ནས་སྤྲད་པའི་ཡི་གེ་ཞིག་སྟོན་བཞིན། ཚང་མས་ལྟོས་དང་།དེ་སྔ་པེ་ཅིན་ཆེས་མཐོའི་ཉེན་རྟོག་ཁང་ནས་རྡོ་རྗེ་བཀྲ་ཤིས་ཀྱི་གནད་དོན་དེ་དུས་ཡུན་ཟླ་གསུམ་ནང་ཐག་གཅོད་རྒྱུ་ཡིན་ལུགས་བཤད་ཀྱང་། ལྷ་ས་མི་དམངས་ཁྲིམས་ཁང་ནས་འདས་པའི་མི་ལོ་བདུན་བརྒྱད་རིང་ལ་རྡོ་རྗེ་བཀྲ་ཤིས་ཀྱི་གནད་དོན་ལ་དྲང་བདེན་གྱིས་ཁྲིམས་ཞིབ་མ་བྱས་པ་དང་ ནང་མི་ཐུག་འཕྲད་བྱེད་མི་བཅུག་པ་མ་ཟད་འགོར་འགྱངས་བཏང་ནས་ཡོད་སྐོར་འབྲེལ་བརྗོད་གནང་གི་འདུག

པེ་ཅིན་ཆེས་མཐོའི་ཉེན་རྟོག་ཁང་གིས་སྤྲད་པའི་ཡིག་ཆ་དེ་ནི། འདས་པའི་ལོ་ཤས་སྔོན་རྡོ་རྗེ་བཀྲ་ཤིས་ཀྱི་ཁྲིམས་རྩོད་པ་དང་ནང་མིས་རྡོ་རྗེ་བཀྲ་ཤིས་ཀྱི་གནད་དོན་དྲང་བདེན་གྱིས་ཁྲིམས་ཞིབ་དང་ཐག་གཅོད་དགོས་པའི་ཞུ་གཏུག་སྐབས་སྤྲད་པ་ཞིག་ཡིན་འདུག་ལ།ཡང་བརྙན་ཞིག་གི་ནང་དུ་མགོན་པོ་སྐྱིད་ལགས་ནས་ གལ་ཏེ་བོད་རང་སྐྱོང་ལྗོངས་མི་དམངས་ཁྲིམས་ཁང་ནས་རྡོ་རྗེ་བཀྲ་ཤིས་ཀྱི་གནད་དོན་འདི་དྲང་བདེན་གྱིས་ཐག་གཅོད་བྱས་པ་ཡིན་ན། ངས་ཁྲིམས་ཁང་སྒོ་ཁ་ནས་ཞུ་གཏུག་བྱེད་དགོས་དོན་མེད་པ་དང་། ལྷ་སའི་ཉེན་རྟོག་པས་ང་ལ་འཐེན་འདྲུད་དང་གཅར་རྡུང་གཏོང་དགོས་དོན་མེད་པ་རེད་སོགས་འགྲེལ་བརྗོད་གནང་འདུག

མགོན་པོ་སྐྱིད་དང་ཁོང་མོའི་བཟའ་ཟླ་ཆོས་སྐྱོང་གཉིས་ཀྱིས་བོད་ལྗོངས་མི་མང་ཁྲིམས་ཁང་གི་མདུན་དུ།  སྤུན་མཆེད་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་དྲང་བདེན་མིན་པའི་ཁྲིམས་ཆད་ལ་བསྐྱར་ཞིབ་དང་། ནང་མི་ཚོ་ཁོང་དང་ཐུག་འཕྲད་དང་ཀློད་གྲོལ་ཆེད། ཕྱི་ལོ་ ༢༠༢༣ ལོ་གཅིག་པུར་ཕྱི་ཟླ་གསུམ་པ་དང་བཞི་པ། ལྔ་པ། དྲུག་པ།  བདུན་པ། བརྒྱད་པ། བཅུ་གཉིས་སོ་སོར་ཞུ་གཏུག་ལས་འགུལ་སྤེལ་ཡོད་པ་རེད་ལ། རྒྱ་ནག་ཉེན་རྟོག་པས་མགོན་པོ་སྐྱིད་ལགས་ཐེངས་མང་འཛིན་བཟུང་དང་བཅར་རྡུང་རིམ་པར་བྱས་ཡོད་པ་རེད་ལ། ཕྱི་ལོ་ ༢༠༢༣ ལོའི་ཕྱི་ཟླ་ ༡༢ ཚེས་ ༡༢ ཉིན་ཞུ་གཏུག་ལས་འགུལ་དང་འབྲེལ་འཛིན་བཟུང་གིས། མགོན་པོ་སྐྱིད་ལགས་ཉིན་གྲངས་ ༩ རིང་བཀག་ཉར་དང་བཅར་རྡུང་རྗེས་སུ་ཀློད་ཡོད་པ་རེད།

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། 
རྩོམ་སྒྲིག་པ། བསྟན་འཛིན་དོན་ཡོན། 

དྲ་ཐོག་སྤེལ་མཁན། བསྟན་འཛིན་དོན་ཡོན།  
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎