མགོ་ལོག་འཇིགས་མེད་ལམ་བར་ནས་འཛིན་བཟུང་བྱས་འདུག

འཇིགས་བྲལ་གློག་བརྙན་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་བྱེད་བཞིན་པའི་མགོ་ལོག་འཇིགས་མེད་ལན་ཀྲོའུ་གྲོང་ཁྱེར་ནས་ཕྱིར་ལོག་ཡོང་བའི་ལམ་བར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་འདུག

2012.11.05

མགོ་ལོག་འཇིགས་མེད་
མགོ་ལོག་འཇིགས་མེད་

འདི་ག་རླུང་འཕྲིན་ཁང་ལ་སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ནས་གནས་ཚུལ་བཏང་དོན། མགོ་ལོག་འཇིགས་མེད་ཀྱི་གཟིམས་ཤག་ནི་བླ་བྲང་དགོན་པའི་གཞུང་ཁང་ཞིག་ཡིན་པ་དང་། ཕྱི་ལོ་༢༠༡༢་ལོའི་ཟླ་༩་བའི་ཚེས་༥་ཉིན་མགོ་ལོག་འཇིགས་མེད་ཡོད་སའི་ཁང་བ་དེ་ལ་བཟོ་བཅོས་རྒྱག་དགོས་པས་ཁྱོད་ཁང་བ་གཞན་ལ་སྤོར། ཅེས་རྒྱའི་ལས་ཁུངས་ཤིག་གིས་བཤད་པར་བརྟེན། མགོ་ལོག་འཇིགས་མེད་ལགས་ཁང་པ་གཞན་ཞིག་ཏུ་སྤར་མ་ཐག་ཏུ་དེ་སྔོན་མཐོང་མ་མྱོང་བའི་རྒྱ་མི་ཁག་གཅིག་ཡོང་ནས་ཉིན་དཀར་ཁང་བ་རྩ་རྫོགས་བྱས་པ་དང་། དགོང་མོ་ས་རུབ་རྗེས་ས་རྐོ་འཕྲུལ་འཁོར་སྟེ། Backhoeཞེས་པ་ཡོང་ནས་ཁང་ཤུལ་བསྔོགས་བཤེར་ཡང་བཏང་སོང་། དེ་རྗེས་མགོ་ལོག་འཇིགས་མེད་རྒྱ་ནག་གི་གྲོང་ཁྱེར་ལན་ཀྲོས་ལ་ཁོང་སྐུ་སྒེར་གྱི་ལས་དོན་ཞིག་གི་ཆེད་ཕྱིན་པ་དང་། ཕྱི་ཟླ་༩་བའི་ཚེས་༢༠་ཉིན་ཁོང་རྒྱ་ནག་གི་གྲོང་ཁྱེར་ལན་ཀྲོས་ནས་ཕྱིར་ཕེབས་ཡོད་ཀྱང་དེ་ནས་བཟུང་ལམ་བར་ནས་ད་བར་གར་སོང་ཆ་མེད་དུ་གྱུར་འདུག་ཡོད།

དོན་གྲུབ་དབང་ཆེན་ལགས་དང་གོ་ལོག་འཇིགས་མེད་ལགས་ཀྱིས་༢༠༠༨ ལོར་བོད་ནང་གི་བོད་མི་ཁག་ཅིག་ལ་བོད་ནང་གི་དངོས་ཡོད་གནས་སྟངས་སྐད་ཆ་བྲིས་ཏེ། འཇིགས་བྲལ་ཞེས་པའི་གློག་བརྙན་ཞིག་བཟོ་སྐྲུན་བྱས་པའི་རྗེས་དོན་གྲུབ་དབང་ཆེན་ལགས་འཛིན་བཟུང་བྱས་ཏེ་ད་ལྟ་བཙོན་དུ་ཡོད་པ་དང༌། མགོ་ལོག་འཇིགས་མེད་ལགས། ༢༠༠༨ ལོའི་ཕྱི་ཟླ་༣ པའི་ཚེས་༢༣ ཉིན་བླ་བྲང་བཀྲིས་འཁྱོལ་ནས་བཙན་ཁྲིད་བྱས་ཏེ་ཟླ་བ་༧ ཙམ་བཙོན་ཁང་འདྲ་མིན་ནང་བཙོན་འཇུག་བྱས་པའི་རིང་ཉེན་རྟོག་པ་དང་དམག་མིས་རེས་མོས་ཉེས་རྡུང་ཚབས་ཆེ་བཏང་བ་དང༌། ལོ་འདིའི་ཕྱི་ཟླ་༡༠ པའི་ནང་གློད་བགྲོལ་བཏང་ཡོད་ཀྱང་༢༠༠༩ ལོའི་ཕྱི་ཟླ་༣ པའི་ཚེས་༡༣ ཉིན་སླར་ཡང་འཛིན་བཟུང་བྱས་ཏེ་ཟླ་བ་གཅིག་ལྷག་ཙམ་བཀག་ཉར་བྱས་པའི་རྗེས་གློད་བགྲོལ་བཏང་ཡང༌། དུས་དེ་ནས་བཟུང་བདུན་ཕྲག་རེ་གཉིས་དང༌། ཉིན་ཁ་ཤས་བཀག་ཉར་དོ་དམ་བྱེད་པ་དང༌། དགོན་པར་ནས་ཕྱིར་འབུ་བཏང་བའི་གནས་ཚུལ་ནི་འཆར་ཅན་ཞིག་ཏུ་གྱུར་ཡོད་པ་རེད།

མགོ་ལོག་འཇིགས་མེད་ནི་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་རག་ཁྲམ་ཡུལ་ཚོའི་ཏོག་ཚ་སྡེ་བ་ནས་རེད། ཁོང་ཆུང་དུས་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་གྲྭ་སར་བཞུགས་འདུག

རྒྱ་དམར་སྲིད་གཞུང་གིས་མགོ་ལོག་འཇིགས་མེད་ལ་འཇིགས་བྲལ་གློག་བརྙན་བཟོ་མཁན་ད་ལྟ་རྒྱ་ནག་གི་བཙོན་ཁང་ན་ཡོད་པའི་དོན་གྲུབ་དབང་ཆེན་གྱི་ལས་རོགས་ཡིན་པའི་ཉེས་འཛུགས་དང་། ཕྱི་ལོ་༢༠༠༨་ལོའི་བོད་ནང་གི་ས་བྱི་ཞི་རྒོལ་ཆེན་མོ་སློང་མཁན་གྱི་ཉེས་འཛུགས་བཅས་ཉེས་འཛུགས་ཆེན་པོ་གཉིས་གཙོ་བོ་བྱས་ཏེ་ད་བར་བཙོན་འཇུག་མནར་གཅོད་ཚབས་ཆེན་གང་མང་བཏང་ཡོད་འདུག

༢༠༠༨་ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་འགོ་ཚུགས་རྗེས་ཕྱི་ཟླ་༣་པའི་ཚེས་༢༣་ཉིན་རྒྱ་གཞུང་ཉེན་རྟོག་པས་མགོ་ལོག་འཇིགས་མེད་མཆོག་བླ་བྲང་བཀྲ་ཤིས་འཁྱིལ་ནས་བཙན་ཁྲིད་ཀྱིས་ཀ་ཆུའི་ཉེས་ཆེན་པའི་བཙོན་ཁང་སོགས་བཙོན་ཁང་འདྲ་མིན་ནང་ཟླ་༧་ཙམ་ལ་བཙོན་བཅུག་བྱས་པ་དེའི་སྐབས་ཉིན་གྲངས་༥༣་དང་། ཉིན་མཚན་བསྡོམས་ན་ཉིན་ཞག་༡༠༦་རིང་ཉེན་རྟོག་པ་དང་དམག་མི་སོགས་རེས་མོས་ཀྱིས་གཅར་རྡུང་ཚབས་ཆེན་བཏང་བ་དང་། དེ་ཡང་ཁོང་གི་རྐང་ལག་བཞི་ག་ལ་རང་གི་གཟུགས་པོའི་རྒྱབ་ལོགས་སུ་ལྕགས་བརྒྱབས་ཏེ། བཙོན་ཁང་གི་གནམ་ལ་བཏགས་ནས་ཆུ་ཚོད་གང་མང་ལ་བཞག་པར་བརྟེན་དྲན་མེད་དུ་ལན་གྲངས་མང་པོར་བརྒྱལ་ཡོད་པ་དང་། གཞན་གློག་རྒྱུགས་འདྲ་མིན་ཁ་ནང་དང་། མིག་ནང་སོགས་ལ་བཙུགས་པ་སོགས་ཀྱིས་གཅར་རྡུང་རིགས་དང་། གཉིད་བཀག་པ། ཟས་བཅད་པ། ཐ་ན་གཙང་སྤྱོད་ལ་མ་མངག་པ་སོགས་སྡུག་སྦྱོང་མནར་གཅོད་ཚབས་ཆེན་བཏང་མཐར་ཕྱི་ལོ་༢༠༠༨་ལོའི་ཟླ་༡༠་བའི་ནང་རྒྱ་གཞུང་གིས་དོ་དམ་བཀག་ཉར་གན་གྱའི་འོག་མགོ་ལོག་འཇིགས་མེད་མཆོག་ཐག་དྲུད་དུ་ནང་ལ་མངག་ཡོད།

འོན་ཀྱང་བཙོན་ཁང་ནང་མནར་གཅོད་ཚད་མེད་བཏང་བར་བརྟེན་ཁོང་གི་རྩིབ་མ་གཡས་གཡོན་གཉིས་ཀྱི་རྩིབ་རུས་མང་པོ་བཅག་པར་བརྟེན་དེང་སྐབས་ཀྱང་དྲག་སྐྱེད་ཡག་པོ་བྱུང་མེད། ཁོང་གི་ལག་པ་གཉིས་རྒྱབ་ལོགས་ནས་ལྕགས་བརྒྱབས་ཏེ། གཟུགས་པོ་གནམ་བཏགས་བྱས་པ་སོགས་ཀྱིས་ལག་པ་ནད་ཅན་དུ་གྱུར་པས་ཁོང་གིས་རང་ཉིད་ཀྱི་ཤམ་ཐབ་སྒང་ལ་སྐེད་རགས་བཅང་ཐུབ་མི་ཐུབ་ཙམ་དུ་གྱུར་ཡོད།

ཕྱི་ལོ་༢༠༠༩་ལོའི་ཟླ་༣་ཚེས་༡༣་ཉིན་རྒྱ་ནག་གིས་མགོ་ལོག་འཇིགས་མེད་བཙོན་འཇུག་ཐེངས་གཉིས་པ་བྱས་ཏེ། ཟླ་༤་བའི་ཚེས་༢༠་བར་ཟླ་༡་དང་ཉིན་༨་རིང་དུ་་བཀག་ཉར་བྱས་ཡོད། དེ་བཞིན་མཚམས་རེར་བདུན་ཕྲག་རེ་གཉིས་ཙམ་དང་། ཉིན་ཁ་ཤས་རེ་ལ་བཀག་ཉར་བྱེད་རྒྱུ་དང་། ཟླ་བ་འདི་ནས་འདིའི་བར་ལ་ཁྱོད་དགོན་པའི་ནང་བསྡད་མི་ཆོག ཅེས་ཉེན་རྟོག་པས་ཁོང་དགོན་པ་ནས་ཕྱིར་འབུད་བཏང་བ་སོགས་ཀྱི་གནས་ཚུལ་ནི་རྒྱུན་ཏན་ཡིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎