རྒྱ་ནག་གཞུང་གིས་མགོ་ལོག་ས་ཁུལ་དུ་ཆོས་ཕྱོགས་ཀྱི་དད་མོས་ལ་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་འདུག

ཕྱི་ལོ་ ༢༠༢༤ ཟླ་ ༨ ནང་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་བཙུགས་ནས་ལོ་འཁོར་ ༧༠ འཁོར་བའི་མཛད་སྒོ་འཚོགས་ཡོད་པ་བཞིན། ཕྱི་ཟླ་ ༨ པའི་ནང་རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་མངའ་ཁུལ་གྱི་ས་གནས་གང་སར་དམ་དྲག་ཤུགས་ཆེར་བྱས་ཡོད་པ་དང་། ལྷག་པར་དུ་དགོན་སྡེ་ཁག་ཏུ་ཆོས་ཕྱོགས་ཀྱི་བྱེད་སྒོ་ལ་དམ་དྲག་དང་བདེ་འཇགས་ཆེད་ཡིན་སྐོར་བརྗོད་ནས། དགོན་པའི་འདུ་ཁང་དང་གྲྭ་ཤག་ཁག་ཏུ་སྲིད་གཞུང་གི་ལས་བྱེད་གང་བྱུང་ཡོང་སྟེ་སྔོགས་བཤེར་དང་། ས་གནས་ཁག་ཏུ་དར་ལྕོགས་འཐེན་པ་དང་ཆོས་ལུགས་ཀྱི་མཚོན་རྟགས་རིགས་གཙང་བཟོ་བྱེད་བཞིན་པ། དགོན་པ་དང་མི་མང་གི་ཆོས་ཕྱོགས་ཀྱི་བྱེད་སྒོར་དོ་དམ་སྟངས་འཛིན་སྔར་ལྷག་བྱེད་བཞིན་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་བོད་མི་ཞིག་ནས་ཉེ་སྔོན་མགོ་ལོག་རྨ་ཆེན་རྫོང་ཁོངས་སུ་ཡོད་པའི་རཱ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་སློབ་གྲྭ་གཏོར་བཤིག་དང་འབྲེལ། རྨ་ཆེན་རྫོང་གི་མི་མང་དང་དགོན་སྡེ་ཁག་ཏུ་ཚོགས་འདུ་འདྲ་མིན་ཚོགས་ནས། རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་སློབ་གསོ་སྤྲད་པ་དང་། དགོན་པའི་ནང་དུ་ཆབ་སྲིད་ཀྱི་ཉེན་ཁ་ཡོད་པའི་ཅ་དངོས་ཉར་ཚགས་མི་ཆོག་སྐོར་བརྗོད་ནས་འདུ་ཁང་དང་གྲྭ་ཤག་རེ་རེ་བཞིན་སྔོགས་བཤེར་དང་། དེ་བཞིན་མགོ་ལོག་པདྨ་རྫོང་སོགས་ནས་གྲོང་ཚོ་ཁག་ཏུ་ཉུལ་ཞིབ་ཀྱིས། ཡུལ་མི་ཚོའི་ཁྱིམ་ཚང་གི་སྒོ་ཁར་འཐེན་པའི་དར་ལྕོགས་དང་། ཡུལ་དེར་མི་འདས་གྲོངས་ཕྱིན་ཚེ་དར་ལྕོགས་འཐེན་སྲོལ་ཡོད་པ་སོགས་ཀྱི་ཆོས་ལུགས་ཆོ་ག་གཉེར་མི་ཆོག་པའི་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
སྤྱིར་རྒྱ་ནག་གཞུང་གིས་འདི་ལོའི་ཟླ་ ༧ པའི་ནང་རྒྱ་ནག་གཞུང་གི་འབྲེལ་ཡོད་མི་སྣ་ཚོས་བོད་མདོ་སྨད་རྔ་པ་རྫོང་གི་ཡུལ་ཚོ་དང་གྲོང་སྡེ་ཁག་ཏུ་ཉུལ་ཞིབ་ཀྱིས། སྡོད་ཁང་གི་ཕྱི་ཕྱོགས་སུ་ཆོས་ལུགས་ཀྱི་མཚོན་རྟགས་ཡོད་པའི་ཅ་དངོས་རིགས་གང་ཡང་བཞག་མི་ཆོག་པའི་བཙན་ཐབས་སྣ་ཚོགས་བྱས་ཡོད་པ་རེད་ལ། ཡང་འབྲེལ་ཡོད་བོད་མི་གཞན་དེས་མགོ་ལོག་དར་ལོག་རྫོང་ཁོངས་སུ་བོད་མི་ཏང་ཡོན་ལས་བྱེད་ཚོ་ཆོས་ལུགས་བྱེད་སྒོར་ཞུགས་མི་ཆོག་པ་དང་། ལུས་ལ་ཆོས་ལུགས་ཀྱི་མཚོན་རྟགས་དང་དགོན་པ་ཁག་ཏུ་གནས་མཇལ་ལ་རྩ་ནས་འགྲོ་མི་ཆོག་པའི་དམ་དྲག་དང་། ས་གནས་ཁག་ཏུ་ཁྲིམས་ལུགས་སློབ་གསོ་ཞེས་མི་མང་བསྡུ་བསྐོངས་ཀྱིས་རྒྱ་ནག་གཅིག་གྱུར་དང་། རྒྱ་ནག་དམར་ཤོག་ཚོགས་པར་དགའ་ཞེན་དགོས་པ་དྲིལ་བསྒྲགས་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་མགོ་ལོག་རྨ་ཆེན་རྫོང་དུ། འཐབ་ཕྱོགས་གཅིག་གྱུར་ལས་དོན་དང་འབྲེལ་ཡོད་ལས་བྱེད་དགོན་པ་ཁག་ཏུ་ཉུལ་ཞིབ་ཀྱིས། ཆོས་ཕྱོགས་ལས་དོན་གྱི་བདེ་འཇགས་ཉེན་ཁ་ལ་ཞིབ་ཚགས་ཀྱིས་ལྟ་ཞིབ་བྱས་ཏེ་རྫོང་ཡོངས་སུ་ཆོས་ཕྱོགས་ཀྱི་བདེ་འཇགས་ཉེན་ཁ་མི་ཡོང་བའི་འགན་ལེན་ཆེད་ཞིབ་བཤེར་དང་། མ་འོངས་པར་མུ་མཐུད་ཆོས་ལུགས་བྱེད་སྒོ་དང་དགོན་སྡེའི་དོ་དམ་ཐད་ཤུགས་སྣོན་བྱ་རྒྱུ་ཡིན་སྐོར་བཀོད་འདུག་ལ། དེ་བཞིན་གནས་ཚུལ་གཞན་ཁག་ཏུ་མགོ་ལོག་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། དབྱར་ཁ་དང་བསྟུན་མི་མང་འདུ་སྡོད་ཁུལ་དུ་སྐོར་སྐྱོད་ཀྱིས་ཁྲིམས་འགལ་གྱི་གྱོད་དོན་སྐོར་གནས་ཚུལ་བསྡུ་ལེན་དང་། དམར་ཤོག་ཚོགས་པའི་དྲིལ་བསྒྲགས་སློབ་གསོ་སྤེལ་བཞིན་པའི་གནས་ཚུལ་སོགས་བཀོད་འདུག
འདས་པའི་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་བོད་ནང་གི་དགོན་སྡེ་ཁག་ཏུ། ནང་བསྟན་རྒྱ་སྒྱུར་གྱི་ལས་འགུལ་འོག་དམ་དྲག་ཤུགས་ཆེར་བྱེད་བཞིན་པོ་ལྟར། འདི་ལོའི་ཕྱི་ཟླ་ ༥ པའི་ནང་དགོན་པའི་དགེ་འདུན་པར་དོ་དམ་ཤུགས་སྣོན་ཞེས། དགོན་སྡེ་ཁག་ཏུ་དྲ་ལམ་བདེ་འཇགས་ཐད་གཟབ་ནན་བྱས་ཏེ། རྒྱ་ནག་གཞུང་གི་ཆབ་སྲིད་དང་འགལ་བའི་སྐད་ཆ་མི་བཤད་པ་དང་། ཡི་གེ་མི་བསྐུར་བ། མི་རིགས་མཐུན་སྒྲིལ་གྱི་ཕྱོགས་ལ་གནོད་འཚེ་གཏོང་བའི་སྐད་ཆ་དང་ཡི་གེ་སྐུར་མི་ཆོག་པ་སོགས་ཀྱི་དམ་དྲག་དང་། དཔལ་ཡུལ་དར་ཐང་དགོན་ཆེན་གྱི་དགེ་འདུན་པ་རྒྱལ་བ་ལགས་ནས། སྤྱི་ཚོགས་དྲ་ལམ་དུ་མཆན་ཞིག་བྲིས་པ་ཆབ་སྲིད་དང་འགལ་ཡོད་སྐོར་བརྗོད་ནས་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད།
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།