སྒོ་ཤེས་རབ་རྒྱ་མཚོ་ལགས་འཛིན་བཟུང་བཙན་ཁྲིད་རྗེས་གནས་སྟངས་གསལ་ཆ་མེད་པར་གྱུར་འདུག

2021.04.05
སྒོ་ཤེས་རབ་རྒྱ་མཚོ་ལགས་འཛིན་བཟུང་བཙན་ཁྲིད་རྗེས་གནས་སྟངས་གསལ་ཆ་མེད་པར་གྱུར་འདུག རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས། ༼ཟླ་ཚེས་མི་གསལ
བོད་འབྱོར།/RFA

བོད་ནང་གི་རྩོམ་པ་པོ་གྲགས་ཅན་དགེ་འདུན་པ་སྒོ་ཤེས་རབ་རྒྱ་མཚོ་ལགས་འཛིན་བཟུང་བཙན་ཁྲིད་རྗེས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཟེར་བའི་འབྲེལ་ཡོད་རྒྱ་ནག་གི་སྤྱི་བདེ་ཚན་པས་རྩོམ་པ་པོ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོ་ལགས་ལོ་སྔོན་མ་༢༠༢༠ལོའི་སྤྱི་ཟླ་༡༠ཚེས ༢༦ཉིན། རྒྱ་ནག་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། དེའི་རྗེས་ད་ལྟའི་ཆར་གར་སོང་ཆ་མེད་དུ་གྱུར་ཡོད་པས་ཁོང་གི་ནང་མི་དང་གྲོགས་པོ་ཚོས་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་འདུག
འདི་ག་རླུང་འཕྲིན་ཁང་ནས་གནས་ཚུལ་རྩད་གཅོད་བྱས་སྐབས། ཁོང་འཛིན་བཟུང་གི་རྒྱུ་མཚན་དང་རྒྱབ་ལྗོངས་སོགས་བོད་ནང་གི་འབྲེལ་ཡོད་མི་སྣ་ཚོས་བཤད་ཕོད་ཀྱི་མི་འདུག་པ་མ་གཏོགས། འཛིན་བཟུང་བྱས་པ་ནི་དངོས་བདེན་ཡིན་པ་ཁྲིན་ཏུའུ་གྲོང་ཁྱེར་དུ་གནས་སྡོད་བོད་མི་རྒྱུས་ཡོད་ཞིག་གིས་གསལ་བོ་བཟོས་སོང་ཞེས། བཙན་བྱོལ་ནང་གནས་སྡོད་རྒྱུས་ཡོད་བོད་མི་མིང་བརྗོད་འདོད་མེད་པ་ཞིག་གིས་འགྲེལ་བརྗོད་གནང་བྱུང་།
ཡང་བོད་ནང་གི་ཤེས་ཡོན་ཅན་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་དོན།
རྩོམ་པ་པོ་གྲགས་ཅན་དགེ་འདུན་པ་སྒོ་ཤེས་རབ་རྒྱ་མཚོ་ལགས་ནི། མི་རབས་གསར་པའི་ཁྲོད་ཧ་ཅང་ཤུགས་རྐྱེན་ཆེ་བའི་དགེ་འདུན་པ་ཞིག་ཡིན་པ་མ་ཟད། ཁོང་ནི་རྒྱ་ནག་ནང་དམངས་གཙོ་དང་། རང་དབང་གོང་སྤེལ་དང་། བོད་ནང་ཆོས་ལུགས་དང་ཆབ་སྲིད་དབྱེ་བ་ཕྱེས་ཏེ། ཆོས་ལུགས་ཀྱིས་ཆབ་སྲིད་ནང་བྱུས་གཏོགས་བྱས་ན་ཡག་པོ་མེད་པར་དགོངས་པ་ཧ་ཅང་གུ་ཡངས་པོ་བཞེས་མཁན་བོད་མི་བསམ་བློ་མཁན་ཞིག་ལའང་ཡོངས་གྲགས་ངོས་འཛིན་བརྩི་མཐོང་གནང་གི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
སྒོ་ཤེས་རབ་རྒྱ་མཚོ་ལགས་ནི། མདོ་སྨད་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་ཞིག་ཡིན་ཅིང་། དེ་སྔ་སྤྱི་ལོ་༡༩༩༨ལོར་རྒྱ་ནག་གཞུང་གིས་རྔ་བ་ཕྱོགས་སུ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་སྐབས། ཁོང་གིས་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གི་སྐུ་པར་ཅིག་ཕར་ཕྱིན་དམ་བཅའ་འཇོག་སྐབས་བཤམས་ཡོད་ལུགས་ཀྱིས། འཛིན་བཟུང་གིས་ལོ་བཞིའི་ཁྲིམས་ཐག་བཅད་ནས་བཙོན་འཇུག་བྱས་མྱོང་བ་དང་། དེ་རྗེས་སྤྱི་ལོ་༢༠༠༨ལོར་བོད་ས་ཁྱོན་ཡོངས་སུ་བྱུང་བའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ལྷ་ས་ནས་འཛིན་བཟུང་བྱས་ནས་ལོ་གཅིག་ཙམ་རིང་བཀག་ཉར་བྱས་མྱོང་ཡོད་པ་རེད།

gosherab.jpg
སྒོ་ཤེས་རབ་རྒྱ་མཚོ་ལགས་ནི། ད་ལྟ་རང་ལོ་༤༦སོན་པའི་རྩོམ་པ་པོ་གྲགས་ཅན་དགེ་འདུན་པ་ཞིག་ཡིན་པ་དང་། ཁོང་གིས་ད་བར་རྒྱུན་ཤེས་དང་ལམ། བླང་དོར་ལྟ་ཚུལ། རང་ལམ་རང་འཚོལ། ང་ཚོ་སད་རན། དཔྱད་འཚོལ་དང་ལྟ་ཚུལ། སྐྱེས་ཆེན་གྱི་བཞུད་ལམ་སོགས་རྩོམ་དེབ་མང་པོ་ཞིག་བརྩམས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎