ལི་ཐང་ནས་ཡིན་པ་དགེ་བཤེས་ཕན་བདེ་རྒྱལ་མཚན་ལགས་རྒྱ་ནག་གིས་འཛིན་བཟུང་དང་འབྲེལ་བཙོན་ཁང་དུ་འདས་གྲོངས་སུ་ཕྱིན་ཡོད་འདུག
ཕྱི་ལོ་༢༠༢༢ལོའི་ཕྱི་ཟླ་༣ནང་རྒྱ་ནག་གཞུང་གིས་བོད་ནང་གི་ལི་ཐང་རྫོང་ཇོང་པ་སྡེ་བ་ནས་ཡིན་པ། དགེ་བཤེས་ཕན་བདེ་རྒྱལ་མཚན་ལགས་ནས། ཡུལ་དེའི་ས་གནས་སྡེ་པ་ཤོག་ཁག་གཉིས་སུ་གྱུར་པ་འདུམ་འགྲིག་གནང་རྐྱེན་སོགས་ལ་སྙད་བཏགས་ནས་འཛིན་བཟུང་བྱས་ཡོད་ཀྱང་། ཕྱི་ལོ་༢༠༢༣ལོའི་ཕྱི་ཟླ་༡པོའི་ཚེས་༢༦ཉིན་ཁོང་གློ་བུར་ལི་ཐང་རྫོང་གི་བཙོན་ཁང་དུ་འདས་གྲོངས་སུ་ཕྱིན་ཡོད་པ་དང་། རྒྱ་ནག་གཞུང་གིས་ས་གནས་ཡུལ་དགོན་གཉིས་ལ་དགེ་བཤེས་ལགས་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཕྱིར་བསྒྲགས་མི་ཆོག་པའི་དམ་དྲགས་ཤུགས་ཆེར་བྱེད་བཞིན་ཡོད་པ། བོད་ནང་དང་བཙན་བྱོལ་ནང་ཡོད་པའི་འབྲེལ་ཡོད་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་གནས་ཚུལ་མཁོ་སྤྲོད་པ་གཅིག་ནས་མུ་མཐུད་བརྗོད་དོན་ལ། དགེ་བཤེས་ཕན་བདེ་རྒྱལ་མཚན་ལགས་སུ་དེ་སྔ་ནད་གཞི་ལྟ་བུ་གང་ཡང་མེད་ཀྱང་། རྒྱ་ནག་གཞུང་གིས་འཛིན་བཟུང་རྗེས་བཙོན་ཁང་དུ་མནར་གཅོད་རྐྱེན་གྱིས་ཡིན་པ་དོགས་གཞི་ཡོང་གི་ཡོད་པ་དང་། ཕྱི་ལོ་༢༠༢༢ལོའི་ཕྱི་ཟླ་༧ནང་བཙོན་ཁང་དུ་གཟུགས་གཞི་བདེ་མིན་གྱིས་ལི་ཐང་རྫོང་གི་སྨན་ཁང་དུ་ཁྲིད་དགོས་བྱུང་ཡོད་པ་དང་། འདི་ལོ་ཟླ་༡པོའི་ཚེས་༢༦ཉིན་དགེ་བཤེས་ལགས་འདས་གྲོངས་སུ་ཕྱིན་པ་དང་འབྲེལ་རྒྱ་ནག་གཞུང་འབྲེལ་ངོས་ནས་ཁོང་གི་སྐུ་ཕུང་ཇོང་པ་སྡེ་བའི་ནང་གདན་དྲངས་ཏེ་ཉིན་ཤས་བཞག་ཡོད་ན་ཡང་། མི་མང་སྐུ་ཕུང་ལ་མཇལ་ཁ་མ་བཏང་བ་མ་ཟད་མི་མང་གི་འགྲོ་འདུག་ལ་དམ་དྲགས་བྱས་རྗེས། སྐུ་ཕུང་བཙན་ཐབས་ཀྱིས་འཁྱེར་སྟེ་ནང་མིར་སྐུ་ཕུང་དུར་འཇུག་ཀྱང་བྱེད་བཅུག་མེད་པགྲེལ་བརྗོད་གནང་བྱུང་།
ཐེངས་འདིར་རྒྱ་ནག་གཞུང་གིས་ཁོང་ལ་ཉེས་འཛུགས་གཙོ་བོ་ལི་ཐང་ནང་ཆགས་པའི་དཔྱད་འཇོག་བཤད་སྒྲུབ་དར་རྒྱས་གླིང་དགོན་པ་ཉམས་གསོ་གནང་བ་དང་། ས་གནས་སྡེ་པ་ཤོག་ཁག་གཉིས་སུ་གྱུར་པ་འདུམ་འགྲིག་གནང་རྐྱེན་ཡིན་པ་དང་། འབྲེལ་ཡོད་ནས་ཁོང་ལ་བཙོན་ཁང་དུ་ཁྲིམས་ཐག་བཅད་མིན་ཤེས་རྟོགས་མ་བྱུང་སྐོར་བརྗོད་སོང་ལ།
ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་དགེ་བཤེས་ཕན་བདེ་རྒྱལ་མཚན་ལགས་སུ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་བཀོད་ཡོད་པ་དང་། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས་བོད་མི་མང་དག་ཅིག་རྒྱ་ནག་གི་བཙོན་ཁང་ཁག་ཏུ་འདས་གྲོངས་འགྲོ་བཞིན་པ་དེ། རྒྱ་ནག་གཞུང་གིས་ཉེས་འཛུགས་སྣ་ཚོགས་བྱེད་བཞིན་པ་དག་ངོས་ལེན་མ་བྱས་པས་བཅར་བརྡུང་མནར་གཅོད་དང་འབྲེལ་བ་ཡོད་པ་བརྗོད་བྱུང་།
དགེ་བཤེས་ཕན་བདེ་རྒྱལ་མཚན་ལགས་ཕྱི་ལོ་༡༩༨༥ལོར་རྒྱ་གར་དུ་འབྱོར་ནས་རྒྱ་གར་ལྷོ་ཕྱོགས་སེ་ར་སྨད་སྤོམ་ར་ཁང་ཚན་དུ་སློབ་གཉེར་གནང་སྟེ་དགེ་བཤེས་ཀྱི་མཚན་གནས་བཞེས་གནང་ཡོད་པ་དང་། ཡང་འབྲེལ་ཡོད་བོད་མི་གཅིག་ནས་དགེ་བཤེས་ལགས་ཕ་ཡུལ་ཇོང་པ་རུ་ཕྱིར་ལོག་གནང་རྗེས་མུ་མཐུད་སྒོམས་བསྒྲུབས་ཉམས་ལེན་དང་འབྲེལ།
ས་གནས་དད་ལྡན་ཡུལ་མི་ཚོར་ཆོས་གསུངས་ཀྱི་ཡོད་པས། ས་གནས་ལ་ཕན་ཐོགས་ཆེན་པོ་བྱུང་གི་ཡོད་སྟབས་ཡུལ་མི་ཚོས་དགའ་མོས་དང་དད་པ་བྱེད་ཡུལ་ཞིག་ཆགས་ཡོད་པ་འགྲེལ་བརྗོད་གནང་བྱུང་། དགེ་བཤེས་ཕན་བདེ་རྒྱལ་མཚན་ནམ་སྐྱ་མིང་ལ་བློ་བཟང་དོན་གྲུབ་ལགས་ནི། བོད་ནང་གི་ལི་ཐང་རྫོང་ཇོང་པ་སྡེ་བའི་ནང་སྐུ་འཁྲུངས་ཤིང་། ཁོང་ད་ལྟ་རང་ལོ་༥༦སོན་ཡོད་པ་དང་། རྒྱ་གར་ལྷོ་ཕྱོགས་སེ་ར་སྨད་དུ་གཞུང་ཆེན་ཁག་ལ་སློབ་གཉེར་གནང་རྗེས། ཁོང་གིས་དུས་ཡུན་རིང་བོར་བལ་ཡུལ་སོགས་སུ་ཆུ་མིག་བརྒྱ་རྩ་འགྲིམས་ནས་ལོ་མང་བཞུགས་ཏེ། བྱ་བྲལ་གྱི་ལས་སུ་ཞུགས་ཡོད་པ་རེད་འདུག་ལ། ཕྱིས་སུ་བོད་ལ་ཕེབས་ནས་སྔར་བཞིན་དབེན་པ་བསྟེན་ནས་སློབ་མ་མང་པོར་སྒོམ་ཉམས་ལེན་དང་འབྲེལ་བའི་སྐོར་བཀའ་སློབ་གནང་ཡོད་པ་རེད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།