དགེ་བཤེས་འཇམ་དཔལ་བློ་ཤེས་ལགས་སྐུ་གཤེགས་འདུག

དེང་སྐབས་བོད་ནང་ཆོས་ཕྱོགས་ཀྱི་ཕྱག་ལས་གཟེངས་སུ་ཐོན་པ་གནང་མཁན་སེར་བྱེས་མཁས་སྙན་གྲྭ་ཚང་གི་དགེ་བཤེས་ལྷ་རམས་པ་གྲགས་ཆེན་འཇམ་དཔལ་བློ་ཤེས་ལགས་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་འདུག
དེང་སྐབས་བོད་ནང་ཆོས་ཕྱོགས་ཀྱི་ཕྱག་ལས་གཟེངས་སུ་ཐོན་པ་གནང་མཁན་སེར་བྱེས་མཁས་སྙན་གྲྭ་ཚང་གི་དགེ་བཤེས་ལྷ་རམས་པ་གྲགས་ཆེན་འཇམ་དཔལ་བློ་ཤེས་ལགས་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་འདུག (སྤྲེ་ཧོར་བསོད་ནམས།)

སེར་བྱེས་དགེ་བཤེས་ལྷ་རམས་པ་འཇམ་དཔལ་བློ་ཤེས་མཆོག་ནས་ཁྲག་དཀར་གྱི་སྙུང་གཞི་བཞེས་ཏེ་ཡུན་རིང་སྨན་ཅོས་བྱས་ཀྱང་དྲག་བསྐྱེད་མ་བྱུང་བར་སྤྱི་ ༡༠ ཚེས ༡༩ ཉིན། རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་གྱི་་སྨན་ཁང་ཞིག་གི་ནང་དུ་སྐུ་གཤེགས་པའི་ཡོད་་པ་དང་། ཁོང་གི་སྐུ་ཕུང་སེར་ཤུལ་དགོན་དུ་གདན་འདྲེན་ཞུས་འདུག ཁོང་ནི་མདོ་སྟོད་འདན་མའི་ཡུལ་གྱི་ཁམས་ཀློང་ཐང་སྒྲོལ་མ་ལྷ་ཁང་དང་ཐག་ཉེ་བའི་འདན་ཡུལ་ཀ་ཕུ་བསམ་འགྲུབ་གླིང་གི་ཡབ་མགོན་པོ་རྡོ་རྗེ་ལགས་དང་ཡུམ་དགེ་རྩ་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༩༦༨ལོར་སྐུ་འཁྲུངས་པ་དང་ཆུང་དུས་ནས་སློབ་ཆུང་འགྲིམས་པ་དང་དགུང་གྲངས་༡༧ལ་ཕེབས་སྐབས་ཆོས་ཞུགས་གནང་བ་དང་། དགུང་གྲངས་༢༠ཐོག་ཁམས་ཀློང་ཐང་སྒྲོལ་མ་ལྷ་ཁང་དུ་གངས་སྤྲུལ་རིན་པོ་ཆེའི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། འདོན་རྟ་དབྱངས་དང་ཆོ་ག་ཕྱག་ལེན་ལ་ཤིན་ཏུ་མཁས་པར་གྱུར་སྐབས་ཁོང་གི་དགེ་རྒན་མཁན་རིན་པོ་ཆེ་བློ་དགའ་འམ་ཚུལ་ཁྲིམས་བྱམས་པ་མཆོག་ནས་འདོན་རྟ་དབྱངས་སོགས་ག་རེ་ཤེས་ནའང་ཧ་ལས་རྒྱུ་གང་ཡང་མེད་པས་གཙོ་བོ་འདི་དག་གི་དོན་ཤེས་དགོས་སྟབས་གདན་ས་ཆེན་པོ་ཞིག་ལ་ཕྱིན་ནས་མཚན་ཉིད་ཀྱི་གཞུང་ཆེན་ཁག་སློབ་གཉེར་གནང་དགོས་ཞེས་ཡང་ཡང་བཀའ་གནང་སྟབས་ཁོང་དཔལ་ལྡན་འབྲས་སྤུངས་ལ་ཕེབས་ཏེ་དེར་བཞུགས་རྩིས་གནང་ན་ཡང་མཐར་རང་ཡུལ་དུ་ཕེབས་དགོས་བྱུང་འདུག དགུང་གྲངས་༢༤ཕེབས་སྐབས་རྒྱ་གར་དུ་ཕེབས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་གསུང་ཐོས་པའི་སྐལ་བཟང་གི་གོ་སྐབས་ཐོབ་པའི་རྗེས་སུ་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཚོགས་ཞུགས་གནང་སྟེ་ནང་ཆོས་ཀྱི་རིག་པའི་གཞུང་ལུགས་ཁག་ལ་འབད་བརྩོན་ལྷོད་མེད་གནང་སྟབས་ལོ་འཁོར་ཡིག་རྒྱུག་ཕལ་ཆེ་བར་ཨང་དང་པོའི་བྱ་དགའ་སོགས་བཞེས་ཡོད་འདུག ཕྱི་ལོ་༢༠༠༡ལོར་བོད་ལ་ཕྱིར་ལོག་གནང་སྟེ་སེར་ཤུལ་དགོན་པའི་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་སོགས་གནང་སྟེ་སེར་ཤུལ་དགོན་པའི་དགེ་འདུན་པ་སྟོང་ཕྲག་ལྷག་ལ་དུས་རྒྱུན་དཔེ་ཁྲིད་དང་བསླབ་བྱ་སློབ་སྟོན། སློབ་གླིང་གི་སྒྲིག་འཛུགས་སོགས་གང་ཅིའི་ཐད་མཛད་འཕྲིན་སྐྱོངས་བཞིན་ཡོད་པ་མ་ཟད་བོད་ཀྱི་མདོ་སྟོད་སྨད་ས་ཁུལ་གང་མང་ལ་ཕེབས་ནས་རིག་གཞུང་དང་བསམ་བློའི་བགྲོ་གླེང་། དགོན་པ་དང་ཡུལ་སྡེ་མང་པོས་གདན་འདྲེན་ཞུས་པ་བརྒྱུད་ནས་སྤྱི་ཚོགས་བསླབ་བྱ་དང་། ནང་ཆོས་ངོ་སྤྲོད་སོགས་གང་མང་གནང་བ་དང་། མདོ་ཁམས་འཇང་དགུན་ཆོས་དང་གངས་ལྗོངས་མཁས་པའི་ལྷན་ཚོགས་ཐེངས་གཉིས་ཀྱི་གཙོ་འགན་བཞེས་བཞིན་པ་སོགས་བོད་ཀྱི་ཆོས་དང་རིག་གཞུང་ལ་སྨན་པའི་རླབས་ཆེན་གྱི་མཛད་འཕྲིན་དུ་མ་ཞིག་སྐྱོང་གནང་མཛད་ཡོད་པའི་གནས་ཚུལ་འདུག།