ཇར་མན་གྲོས་ཚོགས་འཐུས་མིས་འཇིགས་མེད་སྒྲོལ་མ་སྐོར་གླེང་རྒྱུ།
2012.09.29
༄༅༎སུད་སི་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་གྲུབ་ལགས་ཀྱིས་གསུངས་པ་ལྟར་ན། ཇར་མན་གྲོས་ཚོགས་འཐུས་མི་ཁག་གཅིག་ནས། ཉེ་ལམ་རྒྱ་ནག་གཞུང་གིས་བོད་པའི་བུ་མོ་འཇིག་མེད་སྒྲོལ་མ་རང་ལོ་ ༡༧ སོན་པ་ཁོང་འཛིན་བཟུང་བཀག་ཉར་བྱས་པའི་གནད་དོན་དེ་བཞིན་རིང་མིན་ཇར་མན་དང་རྒྱ་ནག་དབར་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་ཚོགས་ཆེན་སྐབས། རྒྱ་ནག་དཔོན་རིགས་ཚོ་དང་གླེང་རྒྱུའི་ཁས་ལེན་གནང་ཡོད་འདུག
བུ་མོ་འཇིག་མེད་སྒྲོལ་མ་ལགས་ཀྱིས་་ད་ལོ་ཕྱི་ཟླ་ ༦ ཚེས་ ༢༤ ཉིན་ཁམས་དཀར་མཛེའི་ཁྲོམ་གཞུང་དུ་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས། ཆབ་སྲིད་བཙོན་པ་རྣམ་གློད་བཀྲོལ་གཏོང་དགོས་པ་སོགས་བྲིས་པའི་སྦྱར་ཡིག་བཀྲམ་སྟེ་ཞི་རྒོལ་གནང་བར། རྒྱ་ནག་གཞུང་གི་དྲག་ཆས་ཉེན་རྟོག་པས་ཉེས་བརྡུང་ཤུགས་ཆེ་བཏང་སྟེ་ཁོ་མོའི་རྐང་ལག་ལ་རྨས་སྐྱོན་འཚབ་ཆེ་ཕོག་པ་དང་། དེ་རྗེས་དཀར་མཛེས་མི་མང་ཁྲིམས་ཁང་ཟེར་བ་ནས་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༥ ཉིན། རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་བུ་མོ་འཇིག་མེད་སྒྲོལ་མར་ལོ་གསུམ་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད།།