འཇར་མན་གཞུང་གིས་མ་འོངས་༧གོང་ས་མཆོག་གི་ཡང་སྲིད་ཐད་ལངས་ཕྱོགས་ལན་འདེབས་བྱས་འདུག

2023.02.02
འཇར་མན་གཞུང་གིས་མ་འོངས་༧གོང་ས་མཆོག་གི་ཡང་སྲིད་ཐད་ལངས་ཕྱོགས་ལན་འདེབས་བྱས་འདུག ༧གོང་ས་རྒྱལ་བ་རིན་པོ་ཆེ་རྡོ་རྗེ་གདན་དུ། ༢༠༢༣
OHHDL

དེ་ཡང་འཇར་མན་གྱི་ཉིན་རེའི་གསར་ཤོག་(Frankfurter Rundschau)་ཞེས་བའི་རྩོམ་སྒྲིག་པས་འཇར་མན་གྱི་ཕྱི་སྲིད་ལས་ཁུངས་ལ། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མ་འོངས་ཡང་སྲིད་ཕེབས་ཕྱོགས་ཐད་དགོངས་ཚུལ་ཇི་ཡོད་བཀའ་འདྲི་ཞུས་པའི་ལན་དུ། འཇར་མན་དབུས་གཞུང་གི་ངོས་ནས་ཆོས་ལུགས་ཀྱི་ཚོགས་སྡེ་ཁག་ནས་ཆོས་ལུགས་ཀྱི་ལས་དོན་ཁག་རང་སྐྱོང་གི་དབང་ཚད་ཐོག་ནས་གཏན་འབེབས་གནང་དགོས་པ་ཞིག་ལ་ཡིད་ཆེས་བྱེད་ཀྱི་ཡོད། དེའི་ནང་སོ་སོའི་ཆོས་ལུགས་ཀྱི་དབུ་ཁྲིད་ཐག་གཅོད་བྱེད་པའི་ཐོབ་ཐང་སོ་སོར་ཡོད་པ་དེ་ཚུད་ཀྱི་ཡོད་པ་ལན་འདེབས་གནང་འདུག དེ་བཞིན་འཇར་མན་གྱི་ཕྱི་སྲིད་བློན་ཆེན་(Annalena Baerbock)་ལགས་ཀྱི་འགོ་ཁྲིད་འོག རྒྱ་ནག་ལ་འཛིན་པའི་ཐབས་བྱུས་ནང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་གལ་གནད་ཆེ་བ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་གསལ་བཤད་གནང་ཡོད་པ་རེད།
དེའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་འཇར་མན་ནང་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཀཡེ་མུ་ལར་(Kai Muller)་ལགས་སུ་བཅར་འདྲི་བྱས་སྐབས་ཡིག་ཐོག་ལན་འབྱོར་བའི་ནང་། འཇར་མན་གཞུང་གིས་ལན་འདེབས་ཁ གསལ་དེ་ཙམ་བྱས་མི་འདུག རྒྱལ་སྤྱིའི་ཁྲིམས་ཀྱི་རང་བཞིན་ཙམ་བཤད་འདུག འཇར་མན་གཞུང་གིས་རིམ་པས་ལངས་ཕྱོགས་ཁ་གསལ་གཏིང་གསལ་བཟོ་རྒྱུར་ང་ཚོས་རེ་བ་བྱེད་ཀྱི་ཡོད། འདི་ནི་རྒྱ་ནག་དམར་ཤོག་གཞུང་གིས་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་འདེམས་ཕྱོགས་ཐད་ཐེ་ཇུས་བྱས་བ་དང་། ཆོས་དད་རང་དབང་རྡོག་རོལ་བཏང་བའི་གནད་དོན་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཞུང་ལ་དེའི་ཐད་ལངས་ཕྱོགས་གསལ་བོ་བཟོ་གལ་ཆེ་བ་དང་། འཇར་མན་གཞུང་གིས་དེའི་ཐད་གལ་ཆེའི་ནུས་བ་འདོན་ཐུབ་པའི་ཡོད་ཆེས་ཡོད་པ་བྲིས་འདུག
དེ་བཞིན་འདི་ག་རླུང་འཕྲིན་ཁང་གིས་ཨ་རིའི་རྒྱལ་སར་ཡོད་པའི་འཇན་མན་གཞུང་ཚབ་ཁང་ལ་འདྲི་རྩད་བྱས་སྐབས། གཞུང་ཚབ་ཁང་གི་མགྲིན་ཚབ་པས་གོང་གི་ལན་འདེབས་ལས་ལྷག་གཞན་གང་ཡང་མེད་པ་གསུངས་བྱུང་།
འཇར་མན་གཞུང་གིས་ཡུལ་དེའི་གསར་འགྱུར་བརྒྱུད་ལམ་དེར་ལན་འདེབས་གནང་པའི་གནས་ཚུལ་འདི། ཉེ་ལམ་འཇར་མན་གྱི་རྒྱལ་ས་སྦར་ལིན་ནང་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཀཡེ་མུ་ལར་(Kai Muller)་ལགས་ཀྱིས་འཇར་མན་གཞུང་ལ། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མ་འོངས་སྐུའི་ཡང་སྲིད་དང་འབྲེལ་བའི་ཐད་འཇར་མན་གཞུང་གིས་དོ་འཁུར་གནང་དགོས་པའི་ཡོངས་ཁྱབ་འབོད་སྐུལ་གནང་པའི་རྗེས་སུ་བྱུང་པའི་གཞུང་གི་གསལ་བཤད་ཅིག་ཡིན་པ་དང་། ཀཡེ་མུ་ལར་ལགས་ཀྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་དེ་སྔ་མ་འོངས་སྐུའི་ཡང་སྲིད་ཕེབས་དགོས་བྱུང་ཚེ་རང་དབང་ལུང་པར་ཕེབས་རྒྱུ་ཡིན་པ་བཀའ་གནང་ཡོད་པ་ལུང་འདྲེན་གནང་ཡོད་ནའང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་༧སྐུའི་ཡང་སྲིད་དེ་རྒྱ་ནག་གཞུང་ལ་ཐག་གཅོད་བྱེད་དབང་མེད་པ་གསལ་པོ་བཟོས་གནང་ཡོད་པ་རྒྱ་ཁྱབ་ཐོག་ནས་གསལ་བཤད་གནང་ཡོད་པ་རེད།།


གསར་འགོད་པ། བོད་རྒྱལ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎