པེ་ཅིན་ལ་དགའ་ལྡན་ལྔ་མཆོད་སྲུང་བརྩི།
2013.12.31

པེ་ཅིན་ལ་ཡོད་པའི་ཀྲུང་དབྱང་མི་རིགས་སློབ་ཆེན་མོའི་རིག་གཞུང་བགྲོ་གླེང་ཚོམས་ཁང་དུ་བོད་རིག་པ་ཞིབ་འཇུག་གླིང་གི་སློབ་མ་ཚོས་དགའ་ལྡན་ལྔ་མཆོད་སྲུང་བརྩི་བྱས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། ཟླ་༡༢ཚེས་༢༧དགའ་ལྡན་ལྔ་མཆོད་ཆེན་མོར་པེ་ཅིན་ལ་ཡོད་པའི་ཀྲུང་དབྱང་མི་རིགས་སློབ་ཆེན་མོའི་རིག་གཞུང་བགྲོ་གླེང་ཚོམས་ཁང་དུ་། སློབ་གླིང་དེའི་བོད་རིག་པ་ཞིབ་འཇུག་གླིང་གི་སློབ་མ་ཚོས་མཉམ་དུ་མཆོད་སྤྲིན་ཞེས་བའི་བརྗོད་གཞིའི་ཐོག་དགའ་ལྡན་ལྔ་མཆོད་ཆེན་མོ་སྲུང་བརྩི་ཆེད་རྗེ་ཙོང་ཁ་བ་ཆེན་མོར་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཚོགས་ཡོད་པ་དང་། སྐབས་དེར་དགེ་རྒན་གོ་ཤུལ་གྲགས་པ་འབྱུང་གནས་དང་། བཀྲ་བྷ སྟུག་རྒྱའི་བཀའ་སྲུང་མགོན་པོའམ་ཁུ་བྱུག་བཅས་ཀྱིས་དགའ་ལྡན་ལྔ་མཆོད་དང་འབྲེལ་བའི་གསུང་བཤད་ཐུང་ཐུང་རེ་གནང་རྗེས། སློབ་མ་ཚོས་རྟེན་འབྲེལ་བསྟོད་པ་དང་། ལམ་གཙོ་རྣམ་གསུམ་བློ་རྒྱུགས་ཕུད་འདུག ཚོགས་ཐོག་ཏུ་བོད་མི་ཙམ་མ་ཡིན་པར་རྒྱ་རིགས་འགའ་ཤས་ཡང་མཉམ་ཞུགས་བྱས་ཡོད་པ་དང་། མཛད་རིམ་བཞིན་སློབ་གླིང་གི་ཞིབ་འཇུག་སློབ་མ་དང་། དངོས་གཞིའི་སློབ་མ་སོགས་ཀྱིས་མཉམ་དཔྱད་རྩོམ་བགྲོ་གླེང་བྱས་འདུག དེའི་ནང་དུ་ཡང་རྒྱ་རིགས་ཞིབ་འཇུག་སློབ་མ་གཅིག་མཉམ་ཞུགས་བྱས་བ་དང་། ཁོས་ཅང་ཞི་ཞིང་ཆེན་གྱི་གྲོང་གསེབ་ཅིག་ཏུ་བོད་ཀྱི་དགོན་པ་པད་མ་དགོན་ཞེས་པ་ཞིག་ཡོད་རབས་གླེང་ནས་ཁོང་ཆུང་དུས་ནས་ནང་ཆོས་ཀྱི་བག་ཆགས་ཡོད་པ་སོགས་བཤད་འདུག་ལ། རིམ་པས་ཚང་མས་མཉམ་དུ་བོད་ཀྱི་ལོ་རྒྱུས་དང་། རིག་གནས། ཚད་མ་སོགས་ནས་འཕྲོས་པའི་གཏམ་བཤད་དང་བགྲོ་གླེང་བྱས་ཡོད་འདུག
འོན་ཀྱང་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་རྒྱ་ནག་གིས་གང་སར་དམག་མི་དང་། ཉེན་རྟོག་པ། གསང་བའི་མི་རྒྱ་སོགས་བརྒྱ་ཕྲག་མང་པོ་དཀྲམ་ནས་དགའ་ལྡན་ལྔ་མཆོད་ཆེན་མོའི་སྔ་ཕྱི་བར་གསུམ་དུ་དམ་དྲག་ཆེན་པོ་བྱས་ཡོད་པ་རེད།