༸གོང་ས་མཆོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། དགའ་ལྡན་ལྔ་མཆོད་ཀྱི་ཚོགས་མགོན་དུ་ཆིབས་སྒྱུར་མཛད་པ།

དགའ་ལྡན་ལྔ་མཆོད་ཉིན་མོ་དང་བསྟུན། ༸གོང་ས་མཆོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་སྒྱུར་མཛད་པའི་སྐབས། ༢༠༢༣།༡༢།༠༧ ཉིན།
དགའ་ལྡན་ལྔ་མཆོད་ཉིན་མོ་དང་བསྟུན། ༸གོང་ས་མཆོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་སྒྱུར་མཛད་པའི་སྐབས། ༢༠༢༣།༡༢།༠༧ ཉིན། (RFA/Tenzin Dhonyoe)

0:00 / 0:00

ལོ་རེ་འཆར་ཅན་བོད་ཟླ་༡༠པའི་ཚེས་༢༥ཉིན་མོ་ནི། འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་འདེབས་མཛད་པ་བོ་དང་། བཀའ་གདམས་གསར་མ་རི་བོ་དགེ་ལྡན་པའི་སྲོལ་གསར་དུ་ཕྱེས་མཁན། རྗེ་བཙུན་ཙོང་ཁ་པ་ཆེན་པོའི་དགོངས་རྫོགས་དུས་ཆེན་དེ། བོད་གངས་ཅན་གྱི་ལྗོངས་དང་ཆེན་པོ་ཧོར་གྱི་ཡུལ་སོགས། དགའ་ལྡན་པའི་ཆོས་རྒྱུད་ཀྱིས་ཁྱབ་པའི་ས་ཁུལ་གང་སར་སྲུང་བརྩི་གནང་སྲོལ་ཡོད་པ་བཞིན། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་སོགས་ཀྱིས། འདི་ལོའི་དགའ་ལྡན་ལྔ་མཆོད་ཀྱི་དུས་མཆོད་སྤྱི་ཟླ་༡༢པའི་ཚེས་༧ཉིན་འཚོགས་པའི་ཚོགས་མགོན་དུ། བོད་མིའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ། ཐུགས་སྨོན་གསུང་འདོན་སོགས་གནང་ཡོད་ཅིང་། དེ་སྔ་སྤྱི་ལོ་༢༠༡༤ལོར་རྒྱ་གར་རྒྱལ་ས་ལྡི་ལིའི་སྟོན་པའི་སྐྱེད་ཚལ་དུ་དགའ་ལྡན་ལྔ་མཆོད་སྲུང་བརྩི་གནང་བའི་ཐོག། མགོན་པོ་གང་ཉིད་ཆིབས་སྒྱུར་གྱིས་རྗེ་རིན་པོ་ཆེ་ལ་རྗེས་སུ་ཡི་རང་དང་རྗེས་དྲན་བྱེད་པར། སོ་སོས་རྗེ་རིན་པོ་ཆེའི་མཛད་པ་རྣམ་ཐར་ལ་བསླབ་དགོས་པ་རེད་ཅེས་བཀའ་གནང་ཡོད་པ་རེད།

དགའ་ལྡན་ལྔ་མཆོད་ལྔ་མཆོད་ནི་བོད་ཟླ་༡༠པའི་ཚེས་༢༥ཉིན་ཡིན་ལ། ཉིན་དེ་ནི་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་མྱ་ངན་ལས་འདས་པའི་དུས་མཆོད་ཀྱི་ཉིན་མོ་ཡིན་པ་དང་། དགོངས་རྫོགས་ཀྱི་དུས་མཆོད་ཆེན་མོ་དེ་ལ་དགའ་ལྡན་ལྔ་མཆོད་ཅེས་འབོད་ཅིང་། བོད་རབ་བྱུང་བདུན་པའི་ས་མོ་ཕག་སྟེ་ཕྱི་ལོ་༡༤༡༩ལོའི་སྟོན་ཁར། ཆོས་ཀྱི་རྗེ་ཙོང་ཁ་པ་ཆེན་པོས་སྟོད་ལུང་དང་འབྲས་སྤུངས། ལྷ་ས། སེ་ར་སོགས་སུ་ཕེབས་ནས་བཀའ་ཆོས་མང་དུ་གསུངས་ཏེ། དགའ་ལྡན་དུ་ཕྱིར་ཕེབས་ནས་ཐུབ་དབང་ཚུལ་ཁྲིམས་མའི་སྐུ་མདུན་དུ་མཆོད་འབུལ་དང་བསྔོ་སྨོན་རྒྱ་ཆེར་མཛད་རྗེས། སྐུ་བེར་དང་དབུ་ཞྭ་དག་སྲས་ཀྱི་ཐུ་བོ་དར་མ་རིན་ཆེན་ལ་གནང་སྟེ་རྒྱལ་ཚབ་ཏུ་བསྐོ་བཞག་མཛད་མཐར། བོད་ཟླ་༡༠པའི་ཚེས་༢༥ཉིན་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་གི་གཟིམ་ཁང་འོད་གསལ་སྦུག་ཏུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་མཛད་པ་དང་། དེའི་ཕྱི་ལོ་ལྕགས་བྱི་སྟེ་༡༤༢༠ལོའི་ཟླ་༡༠པའི་ཚེས་༢༥ཉིན་དགའ་ལྡན་དུ་རྡོ་རྗེ་སློབ་དཔོན་བརྒྱ་ཕྲག་དུ་མས་གསང་བདེ་འཇིགས་གསུམ་དང་ཀྱཻ་རྡོར། དུས་འཁོར། ཚེ་དཔག་མེད། ཀུན་རིག་སོགས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་སྒྲུབ་མཆོད་དང་དགོངས་རྫོགས་རྒྱ་ཆེ་བ་བསྒྲུབས་པ་དང་། དུས་མཚུངས་སུ་སྣེའུ་དཔོན་ནམ་མཁའ་བཟང་པོ་བ་ཁུ་དབོན་གྱིས་ཀྱང་ར་ཁ་བྲག་ཏུ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་གདན་དྲངས་ཏེ། དགེ་འདུན་མང་པོས་མཆོད་འབུལ་རྒྱ་ཆེར་མཛད་པ་ནས་བཟུང་། དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་རྣམ་དཀར་ལ་བརྩོན་ཞིང་། གླིང་མེ་བཀར་བའི་སྲོལ་བྱུང་ཡོད་པ་མ་ཟད། དེ་ཡང་སྤྱི་ལོ་༡༩༥༩ལོའི་ཡར་སྔོན་དུ་གཞུང་འབྲེལ་གྱིས་རྩེ་ཕོ་བྲང་དུ་རྒྱལ་དབང་རིམ་བྱོན་དང་། གཞུང་ཞབས་པ། རྣམ་གྲྭ་བ་བཅས་ནས་མཆོད་འབུལ་གནང་སྟེ་དགའ་ལྡན་ལྔ་མཆོད་སྲུང་བརྩི་ཞུ་སྟངས་དང་། དམངས་ཁྲོད་དུ་དགོན་པ་ཁག་ཏུ་ཕྱག་འཚལ་སྒྲིབ་སྦྱོང་དང་གླིང་མེ་སྦར་བ། མྱ་ངན་རྗེས་དྲན་གྱི་མྱང་ཐུག་སོགས་འཐུང་སྟེ་དགའ་ལྡན་ལྔ་མཆོད་སྲུང་བརྩི་ཞུ་སྟངས་དར་བ་སོགས། རྣམ་གྲྭ་ཐུབ་བསྟར་ཡར་འཕེལ་ལགས་ནས་འགྲེལ་བརྗོད་གནང་གི་འདུག

རྗེ་བཙུན་ཙོང་ཁ་པ་ཆེན་པོ་མཆོག་ནི་སྤྱི་ལོ་༡༣༥༧ལོར་མདོ་སྨད་ཙོང་ཁའི་ཡུལ་དུ་སྐུ་འཁྲུངས་ཏེ་དབུས་གཙང་དུ་ཕེབས་ནས་མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་རྒྱ་ཆེར་གནང་བ་བརྒྱུད། ལྷ་ལྡན་ཆོ་འཕྲུལ་སྨོན་ཆེན་མོའི་དུས་མཆོད་གསར་འཛུགས་སོགས་ཀྱིས་མཚོན་མཛད་ཆེན་བཞི་བསྐྱངས་པ་དང་མཚུངས། དགའ་ལྡན་དགོན་པ་གསར་འདེབས་དང་མདོ་སྔགས་ཀྱི་གཞུང་འགྲེལ་གསུང་རྩོམ་པོད་༡༨ཀྱི་བདག་ཉིད་མཛད་པས་མཁས་པའི་གྲགས་པ་ཆེས་ཆེར་རྒྱས་པ་དང་། ལྷག་པར་ཁོང་གི་ཞལ་སློབ་འཇམ་དབྱངས་ཆོས་རྗེ་དང་བྱམས་ཆེན་ཆོས་རྗེ། རྗེ་དགེ་འདུན་གྲུབ་སོགས་ཀྱིས་སེ་ར་དང་འབྲས་སྤུངས། བཀྲིས་ལྷུན་པོ་དང་བཅས་པའི་དགོན་སྡེ་ཁག་གསར་འདེབས་ཀྱིས། རི་བོ་དགེ་ལྡན་པའི་ཆོས་རྒྱུད་ཀྱི་སྲོལ་གསར་དུ་དར་ཁྱབ་བྱུང་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།