བཟོ་ལས་ཡར་རྒྱས་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ཕྱི་འབྲེལ་བློན་ཆེན་རྣམ་པས་རྒྱ་ནག་གཞུང་གིས་བོད་དང་ཤིང་ཅང་ནང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་གི་ཡོད་པར་ཐུགས་ཚབས་ཡོད་པ་གསལ་སྟོན་དང་འབྲེལ་བོད་དང་ཤིང་ཅང་གཉིས་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་བརྩི་བཀུར་བྱེད་དགོས་པའི་སྐུལ་ལྕགས་གནང་འདུག
དེའང་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཨ་རི་དང་ཁེ་ན་ཌ། ཉི་ཧོང་། ཕ་རན་སི། འཇར་མ་ནི། ཨི་ཊ་ལི་དང་དབྱིན་ཇི་བཅས་བཟོ་ལས་ཡར་རྒྱས་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ཕྱི་འབྲེལ་དཔོན་རིགས་རྣམ་པའི་དུས་ཡུན་ཉིན་གཉིས་རིང་གི་ལྷན་ཚོགས་ཞིག་གནང་རྗེས། ཁོང་རྣམ་པས་ཐུན་མོང་གིས་གསལ་བསྒྲགས་ཞིག་སྤེལ་ཡོད་པའི་ནང་། འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ཕྱི་འབྲེལ་དཔོན་རིགས་ཚོས་མུ་མཐུད་གོ་སྐབས་བཙལ་ནས་རྒྱ་ནག་དང་མཉམ་ལས། འཛམ་གླིང་ཧྲིལ་པོའི་ཞི་བདེ་དང་བདེ་འཇགས། དེ་བཞིན་ཡར་རྒྱས་ཡོང་རྒྱུར་འབད་བརྩོན་གནང་རྒྱུ་ཡིན་ཞེས་དང་། ད་དུང་རྒྱལ་ཁབ་བདུན་གྱི་ཕྱི་འབྲེལ་དཔོན་རིགས་ཚོས། རྒྱ་ནག་གི་ངོས་ནས་ཤིང་ཅང་དང་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་གནོད་འཚེ་གཏོང་བཞིན་པའི་བྱ་སྤྱོད་དང་། དེ་བཞིན་རྒྱ་ནག་གཞུང་གི་རང་འདོད་ལྟར་གྱི་བཙན་ཤེད་རང་བཞིན་ཆེ་བའི་དཔལ་འབྱོར་གྱི་སྲིད་ཇུས་ལ་སྐྱོན་བརྗོད་གནང་འདུག་ལ། ད་དུང་གསལ་བསྒྲགས་དེའི་ནང་། རྒྱལ་སྤྱི་དང་རྒྱལ་ནང་གི་ཁྲིམས་ལུགས་ནང་གཏན་འཁེལ་བྱས་པའི་འོས་འགན་དེ་ཚོ་གཞིར་བཟུང་། རྒྱ་ནག་ཕྱོགས་ནས་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ལ་བརྩི་མཐོང་ཞུ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་དང་། ང་ཚོས་ཤིང་ཅང་དང་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་དང་ལྷག་པར་དུ་ཡུ་གུར་བ་དང་དེ་མིན་མི་རིགས་གཞན་དང་ཆོས་ལུགས་མི་སྣ་བཅས་གྲངས་ཉུང་མི་རིགས་ལ་དམིགས་པའི་རྒོལ་རྡུང་གི་བྱ་སྤྱོད་དང་། དེ་བཞིན་གཞི་རྒྱ་ཆེ་བའི་ངང་སྲིད་དོན་གྱི་སློབ་གསོ་སྤེལ་བ། བཙན་ཤེད་ངང་ངལ་རྩོལ་རྒྱུག་བཅུགས་པ། བཙན་ཤེད་ངང་སྐྱེས་སྒོ་བཀག་པའི་བྱེད་སྟངས་དེ་རིགས་ཐོག་མུ་མཐུད་དོ་སྣང་ཆེན་པོ་བྱེད་རྒྱུ་ཡིན་པ་དང་། དེ་བཞིན་ང་ཚོས་རྒྱ་ནག་ཕྱོགས་ནས་རང་གི་འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་གནས་སྟངས་དང་འཚམས་པའི་འོས་འགན་དང་། ལས་འགན་དེ་ཚོ་ཁས་ལེན་བྱེད་དགོས་པ་མ་ཟད་། ད་དུང་འོས་འགན་དང་ལས་འགན་དེ་ཚོ་ལག་ལེན་དོན་འཁྱོལ་ཡོང་བ་བྱེད་དགོས་པའི་དགོས་འདུན་བཏོན་རྒྱུ་ཡིན་ཞེས་གསལ་བསྒྲགས་ནང་བཀོད་འདུག།
གཟའ་ཕུར་བུའི་ཉིན་རྒྱ་ནག་གི་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་པ་ Wang Wenbinནས་ད་རེས་བཟོ་ལས་ཡར་རྒྱས་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ཕྱི་འབྲེལ་བློན་ཆེན་རྣམ་པའི་རྒྱ་ནག་གཞུང་གིས་ཤིང་ཅང་དང་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་ཡོད་པའི་སྤྱི་བསྒྲགས་དེ་ལ་སྐྱོན་བརྗོད་བྱས་པ་མ་ཚད། ཡར་ཐོན་ཅན་གྱི་རྒྱལ་ཁབ་བདུན་པོས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་དང་གཞི་མེད་ཀྱི་ཉེས་འཛུགས་ཞིག་ཡིན་པའི་ལན་འདེབས་བྱས་འདུག།