༧གོང་ས་མཆོག་དབུས་སྙན་གྲགས་ཅན་གྱི་མི་སྣ་བརྒྱ་ལྷག་གིས་དབུལ་ཕོངས་ཡུལ་ལུང་ཁག་ལ་འགོག་ཁབ་སྦྱོར་སྤྲོད་ཡོང་བའི་འབོད་སྐུལ།

འཛམ་གླིང་གི་དབུལ་ཕོངས་ཡུལ་ལུང་ཁག་ལ་ཏོག་དབྱིབས་རིམས་ནད་ཀྱི་སྔོན་འགོག་སྨན་ཁབ་མཐུན་འགྱུར་གནང་གལ་ཆེ་བས་འབྱོར་ལྡན་རྒྱལ་ཁབ་ཚོས་དོ་ཁུར་གནང་དགོས་པ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུས་སྙན་གྲགས་ཅན་གྱི་མི་སྣ་ཁག་ཅིག་གིས་འབྱོར་ལྡན་རྒྱལ་ཁབ་ཚོར་འབོད་སྐུལ་གནང་འདུག

འཛམ་གླིང་གི་བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་རྣམ་པའི་ལྷན་ཚོགས། ༦།༡༡།༢༡ AFP

འཛམ་གླིང་གི་དབུལ་ཕོངས་ཡུལ་ལུང་ཁག་ལ་ཏོག་དབྱིབས་རིམས་ནད་ཀྱི་སྔོན་འགོག་སྨན་ཁབ་མཐུན་འགྱུར་གནང་གལ་ཆེ་བས་འབྱོར་ལྡན་རྒྱལ་ཁབ་ཚོས་དོ་ཁུར་གནང་དགོས་པ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུས་སྙན་གྲགས་ཅན་གྱི་མི་སྣ་ཁག་ཅིག་གིས་འབྱོར་ལྡན་རྒྱལ་ཁབ་ཚོར་འབོད་སྐུལ་གནང་འདུག
དབྱིན་ཇིའི་སྲིད་བློན་ཟུར་པ་གྷོར་ཌོན་སྦརའོན་ (Gordon Brown) ལགས་དང་། དབྱིན་ཇིའི་ཡེ་ཤུའི་བླ་ཆེན་ཟུར་པ་ཨརཆ་སྦི་ཤོབ་རོ་ཝན་ཌཀ་ལསི་(Rowan Douglas) རྣམ་གཉིས་ཀྱིས་སྣེ་ཁྲིད་གནང་སྟེ། འཛམ་གླིང་གི་དབུལ་ཕོངས་ཡུལ་ལུང་ཁག་ནང་ཏོག་དབྱིབས་རིམས་ནད་ཀྱི་སྔོན་འགོག་སྨན་ཁབ་མཐུན་འགྱུར་སྦྱོར་སྤྲོད་ཐུབ་རྒྱུའི་ལས་འགུལ་ཞིག་སྤེལ་གནང་བཞིན་ཡོད་ཅིང་། ཁོང་རྣམ་པས་འཛམ་གླིང་ནང་གི་མཚན་སྙན་ཆེ་བའི་མི་སྣ་རྣམ་པའི་རྒྱབ་སྐྱོར་འབྱུང་ཐབས་གནང་བཞིན་ཡོད་པ་ལྟར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུས་འཛམ་གླིང་ནང་གི་ཆོས་ལུགས་དབུ་ཁྲིད་དང་། ཆབ་སྲིད་མི་སྣ། ནོ་བེལ་ཞི་བདེའི་བྱ་དགའ་བཞེས་མཁན་ལ་སོགས་པ་མཚན་སྙན་ཆེ་བའི་མི་སྣ་བརྒྱ་ལྷག་གིས་གལ་ཏེ་དབུལ་ཕོངས་ཡུལ་གྲུའི་ནང་གི་མི་དམངས་ཚོར་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་སྨན་ཁབ་སྦྱོར་སྤྲོད་མ་ཐུབ་ན། འཛམ་གླིང་སྤྱི་ལ་དཀའ་ངལ་དང་ཉེན་ཁ་མུ་འཐུད་གནས་རྒྱུ་ཡིན་པར་བརྟེན། འབྱོར་ལྡན་རྒྱལ་ཁབ་ཚོས་གནད་དོན་འདིར་དོ་ཁུར་གནང་དགོས་པ་འབྱོར་ལྡན་རྒྱལ་ཁབ་ཚོར་འབོད་སྐུལ་གྱི་ཕྱག་ཡིག་ཞིག་གནང་ཡོད་པ་རེད།
འཛམ་གླིང་གི་འབྱོར་ལྡན་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་བདུན་ G7 གྱི་འགོ་ཁྲིད་ཚོའི་ལྷན་ཚོགས་ཐེངས་༤༧་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ། སྤྱི་ཟླ་༦་པའི་ཚེས་༡༡་ནས་༡༣་ཚོགས་བཞིན་ཡོད་པ་དང་། ལྷན་ཚོགས་དེའི་སྐབས་འཛམ་གླིང་ནང་ཏོག་དབྱིབས་རིམས་ནད་འགོག་ཐབས་དང་། སྔོན་འགོག་སྨན་ཁབ་སྦྱོར་སྤྲོད་བྱེད་ཕྱོགས་ཐད་བཀའ་བསྡུར་ཡང་བྱུང་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་ལོ་ཕྱི་ཟླ་ ༡༠ ནང་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་འཛམ་གླིང་ཡུལ་གྲུ་དབུལ་པོ་ཁག་གི་ནང་སྔོན་འགོག་སྨན་ཁབ་ཀྱི་རོགས་རམ་ལས་གཞིའི་ཆེད་ཨ་སྒོར་འབུམ་གཅིག་ཞལ་འདེབས་གནང་སོན་བྱུང་ཡོད་པ་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ད་དུང་ཁོང་གིས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་ནི་འཛམ་གླིང་ཕན་ཚུན་རྟེན་རྟེན་པའི་རང་བཞིན་འདིའི་ཐོག་ནས་ད་ཆ་འཛམ་གླིང་སྤྱི་ཡོངས་ཀྱི་དཀའ་ངལ་སེལ་ཐབས་ཤིག་མ་བྱུང་ན། དཀའ་ངལ་འདི་མུ་འཐུད་གནས་རྒྱུ་ཡིན་པ་དང་། དཀའ་ངལ་འདི་སེལ་ཐབས་སུ་མདུན་བསྐྱོད་པ་སྨན་པ་དང་སྨན་ཞབས་སོགས་ལ་རྟག་ཏུ་བསྔགས་བརྗོད་གནང་གི་ཡོད་པ་གསུངས་འདུག
འཛམ་གླིང་འབྱོར་ལྡན་ཡུལ་གྲུ་ཁག་གཅིག་གི་ནང་ཚོུད་སྐར་ཆ་རེ་རེར་མི་གཅིག་ལ་ཏོག་དབྱིབས་འགོག་ཁབ་བརྒྱབ་ཀྱི་ཡོད་ན་ཡང་། དབུལ་ཕོངས་ཡུལ་གྲུ་མང་ཆེ་བའི་ནང་གི་མི་དམངས་བྱིང་གཞིར་འགོག་ཁབ་གཅིག་ཀྱང་ཐོབ་མེད་པ་རེད།
གནད་དོན་དབྱེ་ཞིབ་པ་མང་ཚོས་འབྱོར་ལྡན་ཡུལ་གྲུ་ཚོས་དབུལ་ཕོངས་ཡུལ་གྲུ་ཚོར་ཏོག་དབྱིབས་སྔོན་འགོག་སྨན་ཁབ་རོགས་རམ་བྱེད་དགོས་རྒྱུ་ནི་བཟང་སྤྱོད་ཀྱི་འོས་འགན་ཡིན་པ་མ་ཟད། ཕུགས་ལ་རང་རང་སོ་སོར་ཕན་ཐོགས་ཡོད་པའི་ལས་དོན་གལ་ཆེ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org