རྒྱ་གར་གྱིས་རྒྱལ་ཁབ་༢༠ཡི་ཚོགས་ཆེན་ཐོག་བོད་དེ་གལ་ཆེ་ཞིག་ལ་ངོས་འཛིན་གནང་ཡོད་པ་འབྲེལ་ཡོད་ཉམས་ཞིབ་པས་འགྲེལ་བརྗོད་གནང་བྱུང་།

2023.09.09
རྒྱ་གར་གྱིས་རྒྱལ་ཁབ་༢༠ཡི་ཚོགས་ཆེན་ཐོག་བོད་དེ་གལ་ཆེ་ཞིག་ལ་ངོས་འཛིན་གནང་ཡོད་པ་འབྲེལ་ཡོད་ཉམས་ཞིབ་པས་འགྲེལ་བརྗོད་གནང་བྱུང་། རྒྱ་གར་སྲིད་བློན་དང་ཨ་རིའི་སྲིད་འཛིན་རྣམ་གཉིས། ༢༠༢༣།༠༩།༠༩ ཉིན།
Reuters

ཕྱི་ལོ་ ༢༠༢༣ ཟླ་བ་ ༩ པའི་ཚེས་ ༩ ནས་༡༠ བར་རྒྱ་གར་གྱིས་སྣེ་ཁྲིད་འོག་རྒྱལ་ས་ལྡི་ལིར་བསྐོང་ཚོགས་གནང་བའི་རྒྱལ་ཁབ་༢༠ཡི་ཚོགས་ཆེན་(G20)གྱི་བརྗོད་བྱ་གཙོ་བོ་ནི། (Vasudeva Kutumbakam)འཛམ་གླིང་གཅིག ཁྱིམ་ཚང་གཅིག མ་འོངས་མདུན་བསྐྱོད་གཅིག་ཅེས་པ་དེ་ཡིན་འདུག་ཅིང་། ཚོགས་ཆེན་དབུ་འབྱེད་མཛོད་སྒོའི་ཐོག་སྲིད་བློན་སྐུ་ཞབས་Narendra Modiམཆོག་གིས་གསུང་བཤད་གནང་བའི་ནང་། ཏོག་དབྱིབས་ནད་དུག་དང་ཡུཀེ་རིན་དམག་འཁྲུག་སོགས་ཀྱིས་འཛམ་གླིང་ཁྱོན་ཡོངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ། རྒྱལ་ཁབ་ཕན་ཚུན་དབར་གྱི་ཡིད་ཆེས་དང་འབྲེལ་ལམ་སོགས་ཇེ་སྡུག་ཏུ་སོང་བའི་དུས་སྐབས་འདིར། ཚང་མས་མཉམ་རུབ་ཀྱིས། ནུས་ཤུགས་གོང་འཕེལ་དང་། བདེ་འཇགས་སྲུང་སྐྱོབ། དྲག་སྤྱོད་རིང་ལུགས་ལ་ཕར་རྒོལ། དེ་བཞིན་འཕྲོད་བསྟེན་ཡར་རྒྱས་སོགས་ཀྱི་ཐོག་ཤུགས་གནོན་རྒྱག་དགོས་པ་འབོད་སྐུལ་ཞུས་གནང་སོང་།

ཐེངས་འདིའི་རྒྱལ་༢༠ཡི་ཚོགས་ཆེན་ཐོག་ཡོངས་གྲགས་ཀྱི་གནས་ཚུལ་ཞིག་ནི། རྒྱལ་ཁབ་༥༥ལས་བསྡུས་པའི་ཨ་ཕྷི་རི་ཀའི་མཐུན་ཚོགས་(African Union)དེ་བཞིན་G20ཡི་ཚོགས་མི་ཁོངས་སུ་བཅུག་ཡོད་པ་སྲིད་བློན་མོ་དྷིས་ཡོངས་ཁྱབ་གསལ་བསྒྲགས་གནང་སོང་། ཐེངས་འདིའི་ཚོགས་ཆེན་ཐོག་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་སྲིད་བློན། སྐུ་ཚབ་རྣམ་པ་ཚུད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་དང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ། འཛམ་གླིང་དངུལ་ཁང་ལྷན་ཚོགས་ཀྱི་གཙོ་འཛིན། འཛམ་གླིང་ཚོང་འབྲེལ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ། དེ་བཞིན་ཨ་ཕྷི་རི་ཀའི་མཐུན་ཚོགས་ཀྱི་ཚོགས་གཙོ་སོགས་གོ་ལ་ཁྱོན་ཡོངས་ཀྱི་གནད་ཡོད་མི་ཚོ་རྒྱལ་ས་ལྡི་ལིར་ལྷན་འཛོམས་ཐུབ་པ་དེ་ནི་རྒྱ་གར་གསར་པའི་མདུན་བསྐྱོད་ཀྱི་ལམ་བུ་འཛམ་གླིང་ཡོངས་ལ་ངོམས་ཐུབ་པ་བྱུང་ཡོད།

དེ་སྔོན་BBCགསར་ཁང་ནང་ཕྱག་ལས་གནང་མྱོང་མཁན་རྒྱ་ནག་ཉམས་ཞིབ་པ་སྐུ་ཞབས་Aadil Brarལགས་ཀྱིས། གོང་ཞུས་གནད་དོན་དང་འབྲེལ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་དོན། དེ་སྔོན་ཕྱི་ཟླ་༣པའི་ནང་རྒྱ་གར་གྱིས་ས་མཚམས་ས་ཁུལ་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་རྒྱལ་ཁབ་༢༠ཡི་ཚོགས་འདུ་བསྐོང་ཚོགས་གནང་བ་དེས། རྒྱ་གར་གྱིས་བོད་དོན་ཐོག་འཛིན་པའི་ལངས་ཕྱོགས་ཧ་ལམ་གསལ་པོ་བཟོས་ཡོད་པ་མ་ཟད། རྒྱ་ནག་གིས་ས་ཁུལ་བདག་དབང་ཐད་བློ་འཚབ་བྱེད་ཡུལ་ཞིག་ཏུ་གྱུར་ཡོད། ད་རེས་ལྡི་ལིར་བསྐོང་ཚོགས་གནང་བའི་ཚོགས་ཆེན་ཐོག་བོད་དོན་སྐོར་དམིགས་བསལ་འབུར་ཐོན་བྱས་མེད་ཀྱང་། ཨ་རུ་ནཱ་ཅལ་དང་ས་མཚམས་སྐོར་གླེང་པའི་སྐབས། རྒྱ་གར་གྱིས་བོད་དེ་ཧ་ཅང་གི་གལ་འགངས་ཆེན་པོ་ཞིག་ལ་ངོས་འཛིན་གནང་མུས་ཡིན། ལྷག་དོན་དུ། དེ་རིང་རྒྱ་ནག་གི་ཉམས་ཞིབ་ཁང་ཞིག་གིས་ཚོགས་ཆེན་དང་འབྲེལ་བའི་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ད་རེས་ཚོགས་ཆེན་ཐོག་མ་བཅར་བའི་རྒྱུ་མཚན་གཅིག་ནི། རྒྱ་གར་གྱིས་ཨ་རུ་ནཱ་ཅལ་ཁུལ་དུ་G20ཚོགས་འདུ་བསྐོང་ཚོགས་གནང་བའི་རྐྱེན་གྱིས་ཡིན་པ་བརྗོད་འདུག མདོར་ན། བོད་ནི་རྒྱ་གར་དང་རྒྱ་ནག་གཉིས་ཕྱི་འབྲེལ་ལ་ཧ་ཅང་གི་གལ་ཆེ་ཆགས་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།

ཡང་དེའི་ཐད་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་རྒྱལ་སྤྱིའི་འབྲེལ་ལམ་ཉམས་ཞིབ་པ་འབུམ་རམས་པ་བསྟན་འཛིན་ལྷ་སྒྲོན་ལགས་ཀྱིས། རྒྱ་ནག་གི་སྲིད་འཛིན་བཅར་མིན་ལ་མ་བལྟོས་པར་རྒྱ་གར་གྱིས་ད་རེས་འདི་ལྟ་བུའི་ཚོགས་ཆེན་ཞིག་བསྐོང་ཚོགས་གནང་པ་དེ་ནི་རྒྱལ་ཁབ་རང་ཉིད་ཀྱི་གཟིགས་བརྗིད་ཡིན་པ་མ་ཟད། སྲིད་བློན་མོ་དྷིས་སྣེ་ཁྲིད་འོག་རྒྱ་གར་དང་རྒྱ་ནག་གི་འབྲེལ་ལམ་ཚུད་པའི་རྒྱ་གར་གྱི་ཕྱི་སྲིད་ལ་ད་སྐབས་གྱུར་བ་ཆེན་པོ་འགྲོ་བཞིན་པའི་དུས་སྐབས་འདིར། བོད་མིའི་ངོས་ནས་གོ་སྐབས་དམ་འཛིན་བྱེད་རྒྱུ་གལ་ཆེ་ཡིན་པ་གསུངས་བྱུང་། 

ཡང་དེ་དང་ཕྱོགས་མཚུངས། ད་རེས་ཚོགས་ཆེན་དེ་མ་ཚོགས་གོང་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གཙོས་པའི་ཨོ་གླིང་བོད་དོན་ལས་འགུལ་ཁང་དང་། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་བོད་དོན་རྒྱབ་བསྐྱོར་བ་ཚོས་G20ཚོགས་ཆེན་ཐོག་བོད་དོན་གླེང་སློང་དགོས་པ་ཞུ་སྐུལ་གནང་ཡོད་པ་རེད།

གཞན་ཡང་ཐེངས་འདིའི་སྟོབས་ཆེན་རྒྱལ་ཁབ་༢༠ཡི་ཚོགས་ཆེན་དང་བསྟུན། རྒྱ་གར་གྱི་སྲིད་བློན་མོ་དྷིས་རྒྱ་ནག་དང་ར་ཤི་ཡ་ཕུད། ཨ་རི་ཚུད་པའི་རྒྱལ་ཁབ་༡༥ལྷག་གི་སྲིད་བློན་དང་སྲིད་འཛིན་ལྷན་དུ་(Bilateral Talk )ཕྱོགས་གཉིས་ཀྱི་དཔལ་འབྱོར་དང་དམག་དོན། ཚོང་འབྲེལ་སོགས་ཀྱི་བཀའ་བསྡུར་གནང་གི་ཡོད་པ་རེད། 

གསར་འགོད་པ། བློ་བཟང་དགེ་ལེགས། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎