ཤྲི་ལང་ཀ་བོད་ཀྱི་གྲོགས་པོ་ཚོགས་པས་ལོ་གསར་འཚམས་འདྲི།
2011.01.01
༄༅༎ཤྲི་ལང་ཀའི་ནང་གསར་འཛུགས་བྱུང་བའི་བོད་ཀྱི་གྲོགས་པོ་ཚོགས་པས་ཕྱི་ལོ་གསར་ཚེས་ལ་འཚམས་འཕྲིན་དང་སྦྲགས་འདས་པའི་དུས་ཡུན་ནང་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཇི་སྤེལ་གསལ་བསྒྲགས་ཤིག་སྤེལ་འདུག
ཕྱི་ལོ་༢༠༠༩་ལོར་བོད་དོན་གཉེར་བ་སྐུ་ཞབས་ར་ལྦིན་རྡར་ར་ན་སིན་ཧ་དང་། ཤྲི་སེ་ཐུ་རྡའསི་རྣམ་གཉིས་མཇལ་མོལ་བྱུང་རྗེས་ཤྲི་ལང་ཀ་བོད་ཀྱི་གྲོགས་པོ་ཚོགས་པ་གསར་འཛུགས་གནང་བ་ཡིན་པ་རེད། སྐུ་ཞབས་ར་ལྦིན་རྡར་ར་ན་སིན་ཧ་ནི། གསར་འགོད་པ་ཞིག་ཡིན་པ་དང་ཁོང་གིས་བོད་དོན་དང་འབྲེལ་གནས་ཚུལ་དང་རྩོམ་ཡིག་མང་པོ་གསར་འགོད་གནང་དང་གནང་མུས་ཡིན་པ་རེད།
ཁོང་གཉིས་ཀྱིས་བོད་དོན་ལས་འགུལ་ཐོག་མ་དེ་ནང་པའི་དགོན་པ་ཞིག་ཏུ་འགོ་བཙུགས་གནང་ཡོད་ཅིང་། དགོན་པར་འདུས་པའི་རྒན་གཞོན་བར་གསུམ་ལ་བོད་ཀྱི་ཛ་དྲག་གནས་སྟངས་འབྲེལ་བརྗོད་དང་སྦྲགས་བོད་ཀྱི་གྲོགས་པོའི་ཚོགས་པ་གསར་འཛུགས་གནང་བ་དང༌།
དེ་རྗེས་ཕྱི་ལོ་༢༠༠༩་ཕྱི་ཟླ་༧་པའི་ཚེས་༦་ཉིན་ཤྲི་ལང་ཀ་བོད་ཀྱི་གྲོགས་པོ་ཚོགས་པས་འཛམ་གླིང་བོད་ཀྱི་ཉིན་མོ་ཞེས་པ་སྲུང་བརྩི་ཞུས་འདུག སྐབས་དེར་ནང་ཆོས་ཀྱི་ཐེག་ཆེན་དང་ཐེག་དམན་དབར་གྱི་ཁྱད་པར་ཇི་ཡོད་ཆོས་བཤད་གྲུབ་རྗེས་བོད་མིའི་རང་དབང་དང་། ༧གོང་ས་ཏྭ་ལའི་བླ་མ་མཆོག་གི་སྐུ་ཚེ་ཡུན་རིང་བརྟན་པའི་གསོལ་འདེབས་དང་མར་མེའི་མཆོད་འབུལ་གནང་འདུག ལྷག་པར་དུ་བོད་ནང་གཞིས་ལུས་བོད་མི་མང་རྣམས་རྒྱ་དམར་གུང་གྲན་ཏང་གིས་དྲག་གནོན་འོག་གདུག་རྩུབ་མནར་གཅོད་མྱངས་དང་མྱོང་བཞིན་པའི་གནས་སྟངས་ཐེར་འདོན་བྱ་རྒྱུའི་གལ་གནད་ངོས་འཛིན་གནང་བ་དང་སྦྲགས་ཤྲི་ལང་ཀ་བོད་ཀྱི་གྲོགས་པོ་ཚོགས་པས་སིན་ཧ་ལ་སྐད་ཡིག་ནང་བོད་ཀྱི་གནད་དོན་གང་མང་འགྲེམས་སྤེལ་བྱ་གལ་ཆེ་བའི་སྐོར་བསམ་མཐུན་བྱུང་འདུག
ཕྱོགས་མཚུངས་རྒྱ་དམར་གུང་གྲན་ཏང་གིས་ཤྲི་ལང་ཀའི་ནང་སིམ་འཛུལ་བྱེད་ཐབས་བྱེད་བཞིན་པའི་ངན་བྱུས་ཐེར་འདོན་བྱ་གལ་ཆེ་བ་ཤྲི་ལང་ཀ་བོད་ཀྱི་གྲོགས་པོ་ཚོགས་པས་འཚམས་འདྲིའི་འཕྲིན་ཡིག་ནང་བཀོད་འདུག།