ཧྥ་རན་སིའི་སྲིད་འཛིན་གྱིས་༧གོང་ས་མཆོག་དང་མཇལ་འཕྲད་གནང་ཁག་ཚུལ་གསུངས་འདུག
2018.04.26
ཏཱ་ལའི་བླ་མ་མཆོག་དང་རྒྱ་གཞུང་དབར་གྱི་གནད་དོན་སེལ་ཐབས་ལ་ཕན་ཐོགས་ཀྱི་ཡོད་པ་ཡིན་ན་ངས་གང་ཐུབ་ཀྱིས་སྒྲུབ་ངེས་ཡིན། ཧྥ་རན་སིའི་སྲིད་འཛིན་གྱིས།
དེ་ཡང་ཧྥ་རན་སིའི་སྲིད་འཛིན་(Emmanuel Macron) གྱིས་ཨ་རིའི་ནང་འཚམས་གཟིགས་དང་འབྲེལ་ནས་ཚེས་༢༥་ཉིན་ཁོང་གི་ཉིན་མཐའ་མའི་གསུང་བཤད་མཛད་རིམ་ཞིག་སྟེ་ཨ་རིའི་རྒྱལ་སའི་(George Washington) སློབ་ཆེན་ཏུ་སློབ་ཕྲུག་དང་བགྲོ་གླེང་གཏམ་བཤད་གནང་སྐབས། སློབ་ཕྲུག་ཞིག་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་གནང་མིན་གྱི་དྲི་བ་དྲིས་བར། སྲིད་འཛིན་གྱིས། དེ་སྔ་ཁོང་སྲིད་འཛིན་འོས་མི་ཡིན་དུས་རྒྱལ་བ་རིན་པོ་ཆེ་མཆོག་དང་མཇལ་འཕྲད་གནང་རྒྱུ་བྱུང་བའི་གནས་སྐབས་དེ་ཧ་ལས་པའི་བློ་སྤོབས་སྐྱེས་དགོས་པ་ཞིག་ཡིན་ཚུལ་ནས་འཕྲོས་ཏེ་ཁོང་གིས། ད་ཆ་ང་རང་ཧྥ་རན་སིའི་སྲིད་འཛིན་ཡིན་པའི་ཆ་ནས་གལ་ཏེ་ང་རང་ཁོང་དང་མཇལ་འཕྲད་གནང་བ་ཡིན་ན། རྒྱ་ནག་དང་ཛ་དྲག་གི་གནས་བབ་ཅིག་བཟོ་ངེས་ཡིན་པས་དེ་འདྲའི་མཇལ་འཕྲད་ལ་ཕན་ཐོགས་མེད་ཅིང་། ལྡོག་ཕྱོགས་ཀྱི་ནུས་པ་ཐོན་རྒྱུ་ཡིན་པ་གསུངས་ནས་རྒྱལ་བ་རིན་པོ་ཆེ་དང་མཇལ་འཕྲད་ཀྱི་དགོངས་ཚུལ་དང་ལེན་གནང་མེད་པ་རེད། ཁོང་གིས་ད་དུང་གལ་ཏེ་མཇལ་འཕྲད་བརྒྱུད་ནས་རྒྱ་ཕྱོགས་ལ་ཁ་གཏད་བྱེད་ས་འདྲ་བ་ཞིག་བྱུང་བ་ཡིན་ན་ངའི་མི་མང་ལ་ཕན་ཐོགས་ཡོང་གི་རེད་དམ་ཞེས་དྲི་བའི་ཚུལ་དུ་གསུངས་ཡོད་པ་རེད། ཡིན་ཡང་ཁོང་གིས་གལ་ཏེ་ཏཱ་ལའི་བླ་མ་དང་རྒྱ་གཞུང་དབར་གྱི་གནད་དོན་སེལ་ཐབས་ལ་ཧྥ་རན་སིས་ཕན་ཐོགས་ཀྱི་ཡོད་པ་ཡིན་ན། ངས་གང་ཐུབ་ཀྱིས་སྒྲུབ་ངེས་ཡིན། ངས་རྒྱ་ནག་ལ་རེ་བ་རྒྱག་གི་ཡོད་ལ་ཏཱ་ལའི་བླ་མར་རེ་བ་རྒྱག་གི་ཡོད། ནང་པའི་རྗེས་འཇུག་གི་མི་མང་ཚོ་ལ་ཡང་དེ་ལྟར་རེ་བ་རྒྱག་གི་ཡོད་ཅེས་གསུངས་འདུག།
གསར་འགོད་པ་བོད་རྒྱལ།