བོད་མིའི་རང་དབང་སྒེར་ལངས་ལོ་ལྔ་བཅུ་འཁོར་བའི་སྲུང་བརྩི།
2009.07.12
༄༅༎ཐའེ་ལྦན་ནང་བོད་མིའི་རང་དབང་སྒེར་ལངས་བྱས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩིའི་ཆེད་རོལ་དབྱངས་འདུ་འཛོམས་ཤིག་ཚོགས་གནང་འདུག
བོད་མིའི་རང་དབང་སྒེར་ལངས་ཐེངས་ལྔ་བཅུ་པ་ལོ་འཁོར་གཅིག་རིང་སྲུང་བརྩི་ཞུ་བཞིན་པ་ལྟར་ཐའེ་ལྦན་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་འདི་ཚེས་བཅུ་གཉིས་རེས་གཟའ་སྤེན་པའི་ཉིན་རོལ་དབྱངས་འདུ་འཛོམས་རྒྱས་པོ་ཞིག་གོ་སྒྲིགས་གནང་བ་དེར་མི་མང་སྟོང་ཕྲག་མང་པོ་མཉམ་ཞུགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་གསལ་པོ་བསྟན་ཡོད་འདུག
བོད་རང་དབང་གི་ལས་འགུལ་ལོ་ལྔ་བཅུ་འཁོར་བའི་རོལ་དབྱངས་ཞེས་པའི་འདུ་འཛོམས་དེ་བཞིན་ཐའེ་ལྦན་བོད་ཀྱི་མཐུན་ཚོགས་དང་ཐའེ་ལྦན་ཨིན་ཌིའེན་ཞེས་པའི་རོལ་དབྱངས་མཐུན་ཚོགས་དང་གཙེ་ཡུ་ནའེ་ཊི་ཊི་བཅས་ཀྱི་གོ་སྒྲིག་ཞུས་གནང་འདུག རོལ་དབྱངས་འདུ་འཛོམས་ཀྱི་འཁྲབ་སྟོན་དཀྱིལ་ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐེབས་རྩའི་ཚོགས་གཙོ་ཟླ་བ་ཚེ་རིང་ལགས་དང་གཙེ་ཡུ་ནའེ་ཊི་ཊི་གསར་འཛུགས་གནང་མཁན་ཕིརེཌི་ལིན་བཅས་དབུ་བཞུགས་ཐོག་དེར་འཛོམས་རོལ་དབྱངས་འཁྲབ་སྟོན་པ་དང་གཟིགས་མོར་ཕེབས་མཁན་ཚང་མར་ཊི་ཕོར་ཊི་སྦེ་ཊི་ཞེས་མཚན་རྟགས་འདུ་རུབ་དང་སྦྲགས་བོད་རང་དབང་ངམ་ཕི་རི་ཊི་སྦེ་ཊི་ཞེས་སྐད་འབོད་རྒྱབ་ཡོད་འདུག གཙེ་ཡུ་ནའེ་ཊི་ཊི་རོལ་དབྱངས་ཚོགས་པའི་དབུ་ཁྲིད་ཕེརེཌི་ལིན་གྱིས་རོལ་དབྱངས་འདུ་འཛོམས་འདི་བཞིན་བོད་མི་ཚོས་རྒྱ་ནག་གི་བོད་བཙན་བཟུང་མ་བཟོད་པར་རང་དབང་སྒེར་ལངས་བྱས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་གང་སར་གནང་བཞིན་པ་ལྟར་ཐའེ་ལྦན་གྱི་ཡུལ་མི་ཚོས་བོད་མིའི་འཐབ་རྩོད་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ཡིན་ལུགས་གཏམ་བཤད་གནང་འདུག ཡང་ཐའེ་ལྦན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཚོགས་གཙོ་གཞོན་པ་ལི་མིང་ཙུང་གིས་རང་དབང་ཞེས་པ་ནི་ནམ་མཁའ་ནས་འབབ་ཀྱི་མ་རེད་ཀུན་གྱིས་རང་དབང་སྲུང་སྐྱོབ་ཆེད་འཐབ་རྩོད་གནང་དགོས་པའི་སྐུལ་དེད་གནང་འདུག།