རྒྱ་ནག་གཞུང་གིས་ཕེ་རན་སིའི་སྲིད་འཛིན་ལ་སླར་ཡང་ཉེན་བརྡ།

རྒྱ་ནག་གཞུང་གིས་ཕེ་རན་སི་སྲིད་འཛིན་མཆོག་དང་༸གོང་ས་མཆོག་མཇལ་འཕྲད་གནང་ཚེ་ཚོང་འབྲེལ་ལ་དོ་ཕོག་འགྲོ་ཉེན་སྐོར་སླར་ཡང་ཉེན་བརྡ།

༄༅༎བོད་ཀྱི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཕེ་རན་སི་སྲིད་འཛིན་སར་ཀོ་ཛི་རྣམ་གཉིས་དབར་མཇལ་འཕྲད་གནང་ལ་ཉེ་བའི་ཉིན་གཉིས་ཀྱི་གོང་རྒྱ་ནག་གཞུང་གིས་ཕེ་རན་སི་སྲིད་འཛིན་མཆོག་ནས་བོད་མིའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལྷན་དུ་མཇལ་འཕྲད་གནང་ཚེ་ཕེ་རན་སི་དང་རྒྱ་ནག་གཉིས་དབར་ཕྱོགས་གང་སའི་ཐད་ནས་འབྲེལ་ལམ་ལ་དོ་ཕོག་འགྲོ་ཉེན་ཡིན་སྐོར་སླར་ཡང་ཉེན་བརྡ་བཏང་འདུག

རེས་གཟའ་སྤེན་པའི་ཉིན་པོའོ་ལེན་གྱི་གྲོང་ཁྱེར་ཌེང་སི་རུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཕེ་རན་སི་སྲིད་འཛིན་ནི་ཀོ་ལ་སེ་སར་ཀོ་ཛི་རྣམ་གཉིས་དབར་མཇལ་མོལ་གནང་གཏན་འཁེལ་ཡོད་པ་རེད། རྒྱ་ནག་གཞུང་གིས་ཕེ་རན་སི་སྲིད་འཛིན་མཆོག་ནས་༸གོང་ས་མཆོག་མཇལ་འཕྲད་ཀྱི་མཛད་འཆར་ཕྱིར་འཐེན་བྱ་དགོས་པའི་དགོས་འདུན་ཤུགས་ཆེ་སྟོན་ཡོད་པ་མ་ཟད་དེ་སྔོན་གཏན་འབེབས་བྱུང་བའི་རྒྱ་ནག་དང་ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་གཉིས་ཀྱི་ཆེས་མཐོའི་ལྷན་ཚོགས་ནས་རྒྱ་ནག་གིས་ཕྱིར་འཐེན་བྱས་ཏེ་ཕེརན་སི་དང་རྒྱ་ནག་གཉིས་དབར་ཚོང་འབྲེལ་ཉམས་ཉེས་འགྲོ་སྲིད་པའི་སྐོར་ཕེ་རན་སི་རྒྱལ་ཁབ་ཀྱི་བཟོ་ཚོང་ཁེ་ལས་ཁག་ལ་བློ་འཚབ་སྐྱེ་གཞི་ཆགས་ཡོད་པ་རེད། དེ་རིང་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་མ་ལིའུ་ཅན་ཁྲའོ་གིས་རྒྱུན་ལྡན་ལྟར་གསར་འགོད་ལྷན་ཚོགས་ཤིག་སྐོར་ཚོགས་བྱས་པའི་ཐོག་རྒྱ་ནག་དང་ཕེ་རན་སི་གཉིས་དབར་གནད་དོན་གང་ཅིའི་ཐད་ནས་འབྲེལ་ལམ་མདུན་སྐྱོད་གཏོང་དགོས་པ་ཡིན་ན་ཕེ་རན་སི་ངོས་ནས་འབྲེལ་ལམ་གྱི་འཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་པ་ལས་ཕྱོགས་གཉིས་དབར་ཕུགས་ཀྱི་འབྲེལ་ལམ་ཐོག་གནོད་འཚེ་ཅན་གྱི་ལས་དོན་རིགས་མཚམས་འཇོག་དགོས་ལུགས་ཀྱིས་གཏམ་བཤད་སྤེལ་ཡོད་པ་དང་ཡང་ཕེ་རན་སིིའི་སྲིད་འཛིན་མཆོག་ད་ལྟ་ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་ལས་འཁུར་ཚོགས་གཙོ་ཡིན་པའི་ཆ་ནས་རྒྱ་ནག་དང་ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་དབར་འབྲེལ་ལམ་མུ་མཐུད་མདུན་བསྐྱོད་དང་སྲ་བརྟན་དགོས་ཚེ་སྲིད་འཛིན་སར་ཀོ་ཛི་ངོས་ནས་རྒྱ་ནག་གི་འདོད་ཕྱོགས་ལ་བསམ་གཞིགས་དགོས་གལ་ཆེ་བའི་སྐོར་འགྲེལ་བརྗོད་བྱས་འདུག