རྒྱ་ནག་ཉེན་རྟོག་པས་བླ་བྲང་ནས་བོད་མི་བཞི་འཇུ་བཟུང་བྱས་འདུག
2015.06.09
མདོ་སྨད་བླ་བྲང་དགོན་པའི་དགེ་འདུན་པ་བཞི་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་རྗེས་གནས་སྟངས་ཁ་གསལ་མེད་པར་ལྷག་ཡོད་པ།
དེ་ཡང་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་གྱིས་གནས་ཚུལ་བཏང་བ་ལྟར་ན། མདོ་སྨད་བླ་བྲང་དགོན་པའི་དགེ་འདུན་པ་བཞི་ཉེ་ཆར་ས་གནས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ཉིན་གྲངས་ལྔ་ཕྱིན་ཡོད་ཀྱང་། ད་ལྟ་ཁོང་རྣམས་གང་དུ་ཡོད་མེད་དང་གནས་སྟངས་ཇི་ལྟར་ཡོད་མེད་གནས་ཚུལ་རྩ་བ་ནས་ཤེས་རྟོགས་མེད་པར་ལྷག་ཡོད་པ་དང་། དེ་ནི་ཕྱི་ཟླ་དྲུག་པའི་ཚེས་༥ཉིན་གྱི་བོད་ནང་གི་ཚོུད་བདུན་པ་ཙམ་ལ་བླ་བྲང་དགོན་པའི་དགེ་འདུན་པ་གསུམ་ཁྲོམ་ལ་བསྐྱོད་པའི་སྐབས་དེར། ས་གནས་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། དེའི་ནང་ནས་གཅིག་ནི་སྐྱེས་ཡུལ་འབོ་ར་ནས་ཡིན་པའི་ཁྱུང་དགེ་སྦྱིན་པ་ལགས་དང་། ཡང་ཁོང་དང་འཛིན་གྲྭ་གཅིག་པ་ཡིན་པའི་འབོ་ར་ནས་ཡིན་པའི་དགེ་འདུན་པ་སྐལ་བཟང་ལགས། དགེ་འདུན་པ་འཇམ་དབྱངས་ལགས་བཅས་གསུམ་ཡིན་ཞིང་། ས་གནས་བོད་མི་ཞིག་གིས་བརྗོད་དོན། ཁོང་གསུམ་རྒྱ་ནག་གཞུང་གི་ཉེན་རྟོག་པས་ཉིན་གཅིག་ལ་སྔ་ཕྱིར་འཛིན་བཟུང་བྱས་ཏེ་ད་བར་ཉིན་གྲངས་ལྔ་འགྲོ་བཞིན་ཡོད་ཀྱང་ཁོང་གསུམ་གྱི་ཕ་མ་དང་ནང་མི་གཉེན་འབྲེལ་སུ་གཅིག་ལ་བརྡ་ཐོ་གང་ཡང་འབྱོར་མེད་པར་བརྟེན་ནས་ད་ལྟ་ཁོང་གསུམ་གྱི་གནས་སྟངས་རྩ་བ་ནས་ཤེས་རྟོགས་མེད་པའི་གནས་སུ་གྱུར་ཏེ་ནང་མི་རྣམས་སེམས་ཁྲལ་ཆེན་པོའི་ངང་གནས་ཡོད་པའི་སྐོར་དང་། ད་དུང་གནས་ཚུལ་མཁོ་སྤྲོད་པ་ཁོང་གིས། སྤྱིར་རྒྱ་ནག་གི་རྩ་ཁྲིམས་ནང་དུ་མི་འཛིན་བཟུང་བྱས་ཏེ་ཚོུད་༢༤ཕྱིན་པའི་རྗེས་སུ་ནང་མིར་བརྡ་ཐོ་ཞིག་གཏོང་དགོས་ཀྱི་ཡོད་པ་འཁོེད་ཡོད་ཀྱང་ད་བར་ནང་མིར་གནས་ཚུལ་གང་ཡང་འབྱོར་སོན་བྱུང་མེད་ལུགས་གསུངས་ཡོད་ལ། དེ་མིན་ཕ་ཡུལ་ཅོ་ནེ་ཆོས་དཔལ་ཞིང་ནས་ཡིན་པའི་དགེ་འདུན་པ་སྐལ་བཟང་སྨོན་ལམ་ཞུ་བ་ཞིག་གི་ཁྱིམ་གྱི་རྭ་སྐོར་ལ་རྒྱ་ནག་གི་ཉེན་རྟོག་པས་སྐས་འཛེགས་བཙུག་ཏེ་གསང་བའི་ཐོག་ནས་རྭ་སྐོར་ནང་འཛུལ་བའི་སྐབས་ཁོང་གི་དགེ་ཕྲུག་ཞིག་གིས་མཐོང་སྟེ། ག་རེ་བྱེད་མཁན་ཡིན་པ་སྐད་ཆ་དྲིས་པའི་སྐབས། གློག་གི་ལས་ཀ་བྱེད་མཁན་ཡིན་ལུགས་བཤད་དེ་ཤག་ཏུ་འཛུལ་འཕྲལ་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་སྐུ་ཞབས་སྐལ་བཟང་སྨོན་ལམ་ལགས་སུ་ལག་ལྕགས་རྒྱབ་ནས་འཛིན་བཟུང་བྱས་ཡོད་པ་དང་། ཁོང་ཡང་འཇུ་བཟུང་གིས་ད་བར་ཉིན་གྲངས་ལྔ་འགྲོ་གི་ཡོད་ཀྱང་ཁོང་བཞི་པོས་ནག་ཉེས་གང་ཞིག་བསགས་ཡོད་མེད་དང་། འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ཕ་མ་དང་ནང་མིར་བརྡ་ལན་གང་ཡང་འབྱོར་མེད་པའི་སྐོར་ངོ་སྤྲོད་གནང་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།