གློག་བརྙན་ཆུ་བཞི་སྒང་དྲུག་ཅེས་པ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་བསྟན་པར་རྒྱ་ནག་གཞུང་བློ་བཟོད་མ་བདེ་བར་གྱུར་འདུག
ཟླ་ ༡ ཚེས་ ༣༠ ནས་ཟླ་ ༢ པའི་ཚེས་ ༩ བར་ཡོ་རོབ་ནེ་དར་ལཎ་ཌི་རྒྱལ་ཁབ་ཀྱི་གྲོང་ཁྱེར་རོ་ཊར་ཊམ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་(International Film Festival Rotterdam)ཐོག རྒྱ་གར་ནང་འཚར་ལོངས་བྱུང་བའི་བོད་མི་གློག་བརྙན་བཟོ་སྐྲུན་པ་ཁྱིམ་གསར་གཞན་ཕན་ལགས་ཀྱིས་བཟོ་སྐྲུན་གནང་བའི་གློག་བརྙན་ཆུ་བཞི་སྒང་དྲུག་ཅེས་པ་བསྟན་པར། རྒྱ་ནག་གཞུང་བློ་བཟོད་མ་བདེ་བར་གྱུར་ཏེ། རྒྱ་ནག་གཞུང་འབྲེལ་གསར་ཁང་ཞིག་ནས་གློག་བརྙན་དེར་སྐྱོན་བརྗོད་དང་སྦྲགས། གློག་བརྙན་དེ་ཁ་བྲལ་རིང་ལུགས་པའི་གློག་བརྙན་ཡིན་ཚུལ་བཤད་འདུག
དེ་ཡང་ཕྱི་ལོ་ ༡༩༥༠ ང་གྲངས་ནང་རྒྱ་ནག་གཞུང་གིས་བོད་སར་བཙན་འཛུལ་སྐབས། བོད་མི་ཚོས་དང་བླང་གིས་སོ་སོའི་རྒྱལ་ཁབ་ཀྱི་བདག་དབང་དང་ཡུལ་ལུང་སྲུང་སྐྱོབ་ཆེད། རང་སྲོག་བློས་གཏོང་གིས་བཙན་རྒོལ་རྒྱལ་སྐྱོབ་ཀྱི་དྲག་པོའི་འཐབ་རྩོད་བྱས་པའི་ལོ་རྒྱུས་དོན་དངོས་མཚོན་པའི་གློག་བརྙན་དེ་བཞིན་བོད་མི་གཞོན་སྐྱེས་གློག་བརྙན་བཟོ་སྐྲུན་པ་ཁྱིམ་གསར་གཞན་ཕན་ལགས་ཀྱིས་བཟོ་སྐྲུན་གནང་སྟེ། ཟླ་བ་ ༢ ཚེས་ ༡ ནས་ཡུ་རོབ་རོ་ཊར་ཊམ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་བསྟན་འགོ་བཙུགས་ཡོད་མ་ཐག རྒྱ་ནག་གཞུང་གི་གསར་ཁང་ (CGTN) སྟེང་རྩོམ་ཡིག་ཅིག་འདོན་སྤེལ་བྱས་ཏེ། གློག་བརྙན་དེ་ནི་ཁ་བྲལ་རིང་ལུགས་ཀྱི་དྲིལ་བསྒྲགས་ཡིན་ཞིང་། བོད་ནི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ལུགས་སོགས་ལོ་རྒྱུས་ཁྱོག་བཤད་དང་། གློག་བརྙན་གསར་པ་དེ་དང་བོད་མི་གློག་བརྙན་འཁྲབ་ཁྲིད་པ་ཁྱིམ་གསར་གཞན་ཕན་ལགས་སུ་ངན་སྨྲས་སྣ་ཚོགས་བྱས་འདུག དེ་དང་འབྲེལ་ཏེ་འདི་ག་རླུང་འཕྲིན་ཁང་གིས་ཁྱིམ་གསར་གཞན་ཕན་ལགས་སུ་བཅར་འདྲི་ཞུས་པར། ང་རང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་འཐབ་རྩོད་པ་ཞིག་ཡིན་དུས་ལས་དོན་ག་རེ་བྱེད་ཀྱི་ཡོད་ཀྱང་མུ་མཐུད་བྱ་རྒྱུ་གལ་ཆེན་པོ་ཡིན་པ་དང་། ཐེངས་འདིའི་ཆུ་བཞི་སྒང་དྲུག་གི་གློག་བརྙན་དེ་བཞིན་དོན་དངོས་བདེན་པའི་གནས་ཚུལ་ཡིན་སྟབས། རྒྱ་ནག་གཞུང་གིས་བདེན་པ་མིན་པའི་འཁྱོག་བཤད་ག་ཚོད་བྱས་ཀྱང་། དེ་རིགས་ཀྱིས་ལས་དོན་ལ་གནོད་སྐྱོན་གང་ཡང་གཏོང་མི་ཐུབ་པས། མུ་མཐུད་འཐབ་རྩོད་བྱ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
བཙན་བྱོལ་དུ་བཟོ་སྐྲུན་བྱས་པའི་གློག་བརྙན་གསར་པ་ཆུ་བཞི་སྒང་དྲུག་ཅེས་པ་དེར་རྒྱ་ནག་གཞུང་གི་གསར་ཁང་ (CGTN) ནས། ཁ་བྲལ་རིང་ལུགས་ཀྱི་དྲིལ་བསྒྲགས་དང་ལོ་རྒྱུས་ལ་འཁྱོག་བཤད། བཅིངས་གྲོལ་དམག་དཔུང་ལ་དམའ་འབེབས་ཀྱིས་རྒྱལ་སྤྱིའི་ནང་མཐོང་སྣང་མི་ལེགས་པ་བཟོས་ལུགས་ཀྱིས་མཚོན། བོད་ནི་རྒྱ་ནག་གི་ཁ་བྲལ་དུ་མེད་པའི་ཆ་ཤས་ཡིན་པ་དང་། རྒྱ་ནག་གཞུང་གིས་དམངས་གཙོ་བཅོས་བསྒྱུར་གྱིས་བོད་ནང་ཞིང་བྲན་ལམ་ལུགས་རྩ་མེད་བཟོ་ཆེད་བཅིངས་གྲོལ་དམག་བཏང་ལུགས་སོགས་ལོག་བཤད་བྱས་ཡོད་པ་མ་ཟད། ཕྱི་ལོ་ ༡༩༥༦ ནས་ ༡༩༥༩ བར་བོད་ནང་རྒྱ་ནག་གཞུང་གིས་ངོ་ལོག་ཟིང་འཁྲུག་ཞོད་འཇགས་བཏང་ཡོད་སྐོར་དང་འབྲེལ། ཟིང་འཁྲུག་དེ་དག་ནི་བོད་ཀྱི་ཞིང་བྲན་བདག་པོ་དང་སྐུ་དྲག་ལམ་ལུགས་པ་ཉུང་ཤས་ཤིག་གིས་བསླངས་པ་སོགས་རྒྱ་ནག་གཞུང་གིས་ནམ་རྒྱུན་བཤད་བསྡད་པ་བསྐྱར་བཤད་ཙམ་བྱས་འདུག
གློག་བརྙན་གསར་པ་དེ་ནི། ཕྱི་ལོ་ ༡༩༥༠ ང་གྲངས་ནང་བོད་དུ་བོད་མི་ཚོས་སོ་སོའི་རྒྱལ་ཁབ་ཀྱི་རང་དབང་དང་བདག་དབང་གི་ཆེད། སྲོག་བློས་གཏོང་གིས་དྲག་པོའི་འཐབ་རྩོད་ཀྱི་ལོ་རྒྱུས་དོན་དངོས་མཚོན་པའི་གློག་བརྙན་ཞིག་ཡིན་ཞིང་། གློག་བརྙན་འདི་བཞིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཆེ་ཁག་ཏུ་སྟོན་ཐུབ་པ་དེ་དགའ་དགོས་པ་ཞིག་ཡིན་ན་ཡང་། ང་རང་ལ་མཚོན་ན་དགའ་སྣང་དེ་ཙམ་མེད་པར། ད་ལྟའི་ཆར་༸གོང་ས་མཆོག་དགུང་ལོ་དགྲེས་པོར་ཕེབས་ཡོད་པས། བོད་མི་ཚོས་མུ་མཐུད་ཆིག་སྒྲིལ་དང་འཐབ་རྩོད་ལ་ཤུགས་སྣོན་མ་བརྒྱབ་པ་ཡིན་ན། མ་འོངས་པར་ཁ་འཐོར་དང་བོད་ཟེར་བ་འགྲེམས་སྟོན་ཙམ་ཞིག་གི་ནང་དུ་ལྷུང་རྒྱུའི་ཉེན་ཁ་ཡོད་པ་སོགས་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་གཞུང་གི་གསར་ཁང་ (CGTN) ནས་གནས་ཚུལ་དེ་འབྲེལ་སྤེལ་བའི་རྩོམ་ཡིག་དེའི་ནང་། བོད་ཅེས་པར་དབྱིན་ཇིའི་སྐད་ཡིག་ནང་ (Tibet) ཞེས་པའི་ཐ་སྙད་མ་བྲིས་པར། ཨུ་ཚུགས་ཀྱིས་བོད་ཀྱི་མིང་ལ་རྒྱ་སྐད་ཀྱི་ཤིས་ཙང་ཞེས་ཐེངས་མང་བཀོལ་སྤྱོད་བྱས་ཡོད་པ་རེད། རྩ་བའི་ཐེངས་འདིར་ནེ་དར་ལཎ་ཌིའི་ནང་འཚོག་བཞིན་པའི་རོ་ཊར་ཊམ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་(International Film Festival Rotterdam) ཞེས་པའི་གློག་བརྙན་དུས་སྟོན་ཐོག ཁྱིམ་གསར་གཞན་ཕན་ལགས་ཀྱིས་བཟོ་སྐྲུན་གནང་བའི་བོད་རང་བཙན་གྱི་གནས་སྟངས་མཚོན་པའི་གློག་བརྙན་ཆུ་བཞི་སྒང་དྲུག་ཅེས་པ་སྟོན་བཞིན་ཡོད་པའི་ཁར། ཕྱི་ལོ་ ༡༩༦༥ ལོར་རྒྱ་ནག་དམར་ཤོག་གཞུང་གིས་ཆེད་དུ་བཟོས་པའི། ལོ་རྒྱུས་སྟེང་བོད་རང་བཙན་གྱི་གནས་བབ་ནག་གསུབ་འཁྱོག་བརྗོད་དང་། བོད་ཀྱི་དཔོན་རིགས་རྣམས་ཀྱིས་མི་མང་ལ་གདུག་རྩུབ་ཀྱིས་བཙན་གནོན་དབང་སྒྱུར་བྱེད་བཞིན་པ། རྒྱ་ནག་དམར་གཞུང་གིས་བཅིངས་གྲོལ་བཏང་ལུགས་བཅས་མཚོན་པའི་རྒྱལ་སྤྱིའི་ནང་ཡོངས་གྲགས་སུ་ཆབ་སྲིད་ཀྱི་དགོས་མཁོའི་ཆེད། རྒྱ་ནག་གཞུང་རང་གིས་རྫུན་བཟོ་བྱས་པའི་དྲིལ་བསྒྲགས་ཀྱི་གློག་བརྙན་ཞིང་བྲན་ཞེས་པ་དེའང་སྟོན་བཞིན་འདུག
གསར་འགོད་པ། བདེ་ཆེན་དབང་མོ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།