ཆབ་སྲིད་བཙོན་ཟུར་བྲག་མགོ་དགོན་པའི་དགེ་བཤེས་བསྟན་འཛིན་དཔལ་བཟང་ལགས་ནད་གཅོང་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་ཡོད་འདུག

2022.11.08
ཆབ་སྲིད་བཙོན་ཟུར་བྲག་མགོ་དགོན་པའི་དགེ་བཤེས་བསྟན་འཛིན་དཔལ་བཟང་ལགས་ནད་གཅོང་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་ཡོད་འདུག ཆབ་སྲིད་བཙོན་ཟུར་དགེ་བཤེས་བསྟན་འཛིན་དཔལ་བཟང་ལགས་ཀྱི་འདྲ་པར། ཟླ་ཚེས་མི་གསལ།
བོད་འབྱོར།

ཕྱི་ལོ་༢༠༢༢ཟླ་བ་༡༡པའི་ཚེས་མགོ་ཙམ་ནང་ཆབ་སྲིད་བཙོན་ཟུར་དང་བྲག་མགོ་དགོན་པའི་ཕྱག་མཛོད་དགེ་བཤེས་བསྟན་འཛིན་དཔལ་བཟང་ངམ་བསྟན་དགའ་ལགས། རྒྱ་ནག་གཞུང་གིས་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་རྐྱེན་གྱིས་གཟུགས་གཞི་ནད་གཅོང་དུ་གྱུར་ཡོད་པ་དྲག་སྐྱེད་མ་བྱུང་བར་འདས་གྲོངས་སུ་ཕྱིན་ཡོད་པ་དང་། དགེ་བཤེས་དཔལ་བཟང་ལགས་རྒྱ་ནག་གཞུང་གིས་ཕྱི་ལོའི་༢༠༡༢ལོའི་བྲག་མགོའི་སེར་སྐྱ་ཚང་ཚོགས་ཀྱི་ངོ་རྒོལ་ལས་འགུལ་གྱི་སྣེ་ཁྲིད་པའི་ཉེས་མིང་གཡོག་སྟེ། ལོ་དེའི་ཟླ་བ་༤ཚེས་༢འཛིན་བཟུང་གིས་ལོ་ངོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་རྗེས། ཕྱི་ལོ་༢༠༡༨ལོའི་ཕྱི་ཟླ་༤ནང་ཀློད་གྲོལ་བཏང་ཡོད་ཀྱང་རྒྱ་ནག་གཞུང་གིས་མུ་མཐུད་སུན་བཙེར་དང་། སྨན་པར་བསྟེན་གཏུག་ཡག་པོ་བྱེད་མ་བཅུག་པ་སོགས་ཀྱིས་འདི་ལོའི་ཕྱི་ཟླ་༩་ནས་བཟུང་ནད་གཅོང་ཇེ་སྡུག་ཏུ་ཕྱིན་ནས་ཕན་འབྲས་མ་སོན་པར་འདས་གྲོངས་སུ་ཕྱིན་ཡོད་སྐོར། བཙན་བྱོལ་ནང་ཡོད་པའི་འབྲེལ་ཡོད་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་དོན་ལ། དགེ་བཤེས་བསྟན་འཛིན་དཔལ་བཟང་ལགས་ནས་ཕྱི་ལོ་༢༠༡༢བྲག་མགོ་དགོན་གྲོང་གཉིས་ཀྱི་སེར་སྐྱ་མི་མང་ནས་རྒྱ་ནག་གཞུང་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་སྐབས། ཁོང་གིས་བྲག་མགོ་མི་མང་གི་ཡར་ལངས་ངོ་རྒོལ་ནི་ང་ཚོ་ལ་སྨྲ་བརྗོད་རང་དབང་དང་། ཆོས་དད་རང་དབང་དགོས་པའི་རེ་འདོད་ཀྱི་འབོད་སྐུལ་ཞུས་པ་ཙམ་ལས། འུར་ཞོགས་དང་གཡམ་རྒྱགས་བྱས་ཏེ་མེ་མདའི་ཁར་རྨོངས་ལྕེབས་བྱས་པ་ཞིག་གཏན་ནས་མིན་ན་ཡང་། རྒྱ་ནག་གཞུང་གིས་བསམ་ཡུལ་ལས་འདས་པའི་དྲག་གནོན་གྱིས་རྡུང་རྡེག་དང་མི་དམངས་སྡེབ་གསོད་བྱས་པ་ནི་འགྲོ་བ་མིའི་བྱ་སྤྱོད་དང་ཡོངས་སུ་འགལ་བ་ཞིག་ཡིན་པ་སོགས་གསུངས་ཡོད་པ་དང་། རྗེས་སུ་ཁོང་ཀློད་གྲོལ་བཏང་སྐབས། ཁོང་གིས་སྐྱིན་གཏོང་བར་ཡང་ནང་མི་ཚོས་རོགས་སྐྱོར་མེད་ན་ཁོ་རང་གཅིག་པུ་གཟུགས་གཞིའི་སྒང་ལངས་མི་ཐུབ་པ་བཟོས་ཡོད་པ་འགྲེལ་བརྗོད་གནང་བྱུང་།

ཕྱི་ལོ་༢༠༡༢ལོར་དགེ་བཤེས་བསྟན་འཛིན་དཔལ་བཟང་ལགས་སི་ཁྲོན་ཞིང་ཆེན་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། སྐབས་དེར་ཁོང་དང་མཉམ་དུ་བྲག་མགོ་དགོན་པའི་སློབ་གྲྭའི་དགེ་རྒན་དང་སྤྲུལ་སྐུ་ཞིག་བཅས་མི་བཞི་ལ་ལོ་དྲུག་གི་བཙོན་འཇུག་དང་། དགོན་པའི་གྲྭ་པ་གཞན་ཞིག་ལ་ལོ་ལྔའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དང་། རྗེས་སུ་དགེ་བཤེས་བསྟན་འཛིན་དཔལ་བཟང་ལགས་སུ་རྡུང་རྡེག་མནར་གཅོད་དང་ཟས་གོས་ཡག་པོ་མ་སྤྲད་པ། དུས་ཐོག་སྨན་པར་བསྟེན་གཏུག་མ་བྱས་པར་ནད་གཅོང་བཟོས་ཡོད་པ་དང་། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས་རྒྱ་ནག་གཞུང་གིས་བོད་མི་ཤེས་ཡོན་ཅན་དང་བོད་དོན་གོ་རྟོགས་ཅན་ཚོ་བཙོན་ཁང་དུ་ནད་གཅོང་བཟོས་རྗེས། སྨན་པར་བསྟེན་གཏུག་ཡག་པོ་བྱེད་མི་བཅུག་པ་དེ་བོད་དོན་ལ་སེམས་ཤུགས་ཅན་ཚོ་རྩ་མེད་བཟོ་ཐབས་ཤིག་ཡིན་པ་འགྲེལ་བརྗོད་གནང་གི་འདུག

དགེ་བཤེས་བསྟན་འཛིན་དཔལ་བཟང་ངམ་བསྟན་དགའ་ལགས་ནི། ཕྱི་ལོ་༡༩༦༥ལོར་བྲག་མགོ་ནོར་བ་རུ་ཕ་དོན་འགྲུབ་བཀྲ་ཤིས་དང་མ་བདེ་དབང་གཉིས་སུ་འཁྲུངས་ཤིང་། ཆུང་དུས་ས་གནས་སློབ་ཆུང་འགྲིམས་ཏེ་རྒྱ་བོད་ཀྱི་ཡིག་རིགས་ལ་སྦྱང་པ་གནང་མྱོང་ཡོད་པ་དང་། རྗེས་སུ་བྲག་མགོ་དགོན་པའི་ཆོས་སྒོར་ཞུགས་ཏེ་དགོན་དེའི་སྒྲིག་འོག་ནས་འདོན་ཆོས་སོགས་ལ་ལེགས་པར་སྦྱང་པ་གནང་ཡོད་པ་དང་། ཕྱི་ལོ་༡༩༨༦ལོར་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཏེ་འབྲས་སྤུངས་བློ་གླིང་གྲྭ་ཚང་གི་ཆོས་སྒོར་ཞུགས། སྔ་ཕྱིར་གཞུང་ཆེན་ཁག་ལ་སློབ་གཉེར་གནང་ཞིང་ཕྱི་ལོ་༢༠༠༩ལོར་དགེ་བཤེས་ཀྱི་མཚན་རྟགས་བཞེས་རྗེས། ལོ་དེར་ཕྱིར་རང་ཡུལ་ལ་ཕེབས་ཏེ་བྲག་མགོ་དགོན་པའི་ཕྱི་ནང་གི་ལས་དོན་རྒྱ་ཆེར་གནང་ཞིང་བྲག་མགོ་དགོན་པའི་ཕྱག་མཛོད་རྒན་པའི་ཐུགས་འགན་བཞེས་མྱོང་ཡོད་འདུག 

གསར་འགོད་པ། སངས་རྒྱས་དཀོན་མཆོག 
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎