༄༅༎རྒྱ་ནག་གཞུང་རང་གིས་ངོས་འཛིན་བྱས་པའི་པན་ཆེན་རིན་པོ་ཆེ་སྐུ་གོང་མའི་ཡང་སྲིད་དུ་ངོ་སྤྲོད་བྱེད་བཞིན་པའི་རྒྱལ་མཚན་ནོར་བུ་མིང་ཅན་མདོ་སྨད་བླ་བྲང་དགོན་པར་ལྟ་བསྐོར་སྣེ་འཁྲིད་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ལྟར་ རྒྱ་ནག་གཞུང་གིས་བླ་བྲང་དགོན་པའི་དགེ་འདུན་པ་ཚོར་དམ་བསྒྲཌ་བྱེད་འགོ་བཙུགས་པ་ཙམ་དུ་མ་ཟད་ བླ་བྲང་ཁུལ་འགྲུལ་པ་སྡོད་ཡུལ་མགྲོན་ཁང་ཁག་ལའང་རྒྱལ་མཚན་ནོར་བུའི་ལྟ་བསྐོར་བྱ་ཡུན་ ཕྱི་རྒྱལ་འགྲུལ་པ་གཅིག་ཀྱང་འཇོག་ཆོག་གི་མེད་པའི་དམ་བསྒྲཌ་བྱེད་འགོ་བཙུགས་ཡོད་འདུག
དེ་ཡང་ཨེ་པི་གསར་འགྱུར་ལས་ཁང་གིས་ཁ་ས་བླ་བྲང་ཁུལ་གྱི་མགྲོན་ཁང་ཁག་ལ་ཞལ་དཔར་བཏང་སྟེ་ དམ་བསྒྲཌ་འདིའི་སྐོར་འདྲི་རྩད་བྱེད་སྐབས་ དཔེར་ན་བླ་བྲང་མིན་ཧང་མགྲོན་ཁང་ཞེས་པའི་མགྲོན་ཁང་གི་འགྲུལ་པ་སྣེ་ལེན་པས་ སྤྱི་བདེ་ལས་ཁུངས་དང་འགྲིམ་འགྲུལ་ལས་ཁུངས་གཉིས་ཀས་ ང་ཚོར་གཟའ་འཁོར་གཅིག་གི་རིང་ཕྱི་རྒྱལ་འགྲུལ་པ་གཅིག་ཀྱང་ཉར་ཆོག་གི་མེད་སྐོར་བཀའ་བཏང་ཡོད་ལུགས་ངོ་སྤྲོད་བྱས་ཡོད་པ་རེད་
རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པན་ཆེན་རིན་པོ་ཆེ་སྐུ་གོང་མའི་ཡང་སྲིད་དུ་བཙན་འགེལ་་བྱེད་བཞིན་པ་ རྒྱལ་མཚན་ནོར་བུ་ལ་ བོད་མི་ཚོས་པན་ཆེན་རྫུན་མ་ཞེས་ཡིད་ཆེས་དང་དད་གུས་གང་ཡང་བྱེད་ཀྱི་མེད་ཅིང་ ཁོ་པའི་ལྟ་བསྐོར་ལ་བོད་མི་ཚོས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་སྟོན་གྱི་ཡོད་པ་ལྟར་ངོ་རྒོལ་ཡང་འབྱུང་སྲིད་པའི་དོགས་པ་ཤུགས་ཆེ་བྱེད་ཀྱི་ཡོད་པ་དང་ གལ་ཏེ་དོན་རྐྱེན་དེ་རིགས་བྱུང་བ་ཡིན་ན་ གནས་ཚུལ་དེ་ཚོ་ཕྱི་རྒྱལ་བ་ཚོས་མ་ཚོར་བའི་ཆེད་ཕྱི་རྒྱལ་བ་མངའ་ཁུལ་ལ་གནས་སྡོད་མི་ཆོག་པའི་དམ་བསྒྲཌག་བྱེད་ཀྱི་ཡོད་སྲིད་པ་ གསུངས་ཀྱི་ཡོད་པ་རེད་
དེ་ཡང་རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུའི་ལྟ་བསྐོར་རིང་བླ་བྲང་ཁུལ་དེའི་གོང་གནས་སྡོད་བྱེད་བཞིན་པའི་ཕྱི་རྒྱལ་བ་ཡོད་པ་རྣམས་ཀྱང་ ས་ཁུལ་ལ་གནས་སྡོད་ཆོག་གི་མེད་པའི་དམ་བསྒྲགས་ཡོད་པའི་སྐོར་ དཔེར་ན་ ཤག་ཧའེ་ རྫོང་གི་ཡུལ་བསྐོར་སྤྲོ་འཆམ་ཚན་པའི་ལས་བྱེད་ རང་མིང་ ལི་ཟེར་བའི་བེུད་ཅིག་གིས་ ཨེ་པི་གསར་འགྱུར་ལས་ཁང་ལ་ ངོ་སྤྲོད་བྱས་འདུག
བོད་གནས་ཉམས་ཞིབ་པ་ཁག་ཅིག་གིས་གསུངས་ན་ རྒྱ་ནག་གཞུང་གིས་ རྒྱལ་མཚན་ནོར་བུར་ བོད་མི་མང་ཚོགས་ཁྲོད་ ཆོས་ཕྱོགས་ཀྱི་སློབ་གཉེར་མཐར་སོན་པའི་ བླ་ཆེན་ཞིག་གི་ངོས་འཛིན་ཐོབ་ཐབས་སུ་ མདོ་སྨད་བླ་བྲང་དགོན་པར་ བསླབ་པ་སློབ་གཉེར་ཡོང་བའི་ གོ་སྐབས་ཤིག་འཚོལ་ཐབས་བྱེད་ཀྱི་མེད་དམ་ སྙམས་པའི་དགོངས་ཚུལ་གསུངས་ཀྱི་ཡོད་པ་དང་ ཁོང་རྣམས་ཀྱིས་གསུངས་ན་ རྒྱ་གཞུང་དཔོན་རིགས་ཚོས་རྒྱལ་མཚན་ནོར་བུར་བོད་ཀྱི་ཆོས་སྡེ་ཆེན་པོ་ཞིག་གི་ནང་བསླབ་པ་སློབ་གཉེར་གྱི་ཤེས་ཡོན་མཁོ་སྤྲོད་ཐུབ་པ་ཡིན་ན་ དེས་བོད་མི་ཚོའི་ཁྲོད་ཁོ་པར་བརྩི་འཇོག་ཆེ་རུ་འགྲོ་སྲིད་པའི་རེ་བ་བྱེད་ཀྱི་ཡོད་སྐོར་གསུངས་ཀྱི་ཡོད་པ་རེད་