ཐའེ་ལྦན་དུ་ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ་གྱི་སྨོན་ལམ།
2011.01.04
༄༅༎ཐའེ་ལྦན་གྱི་རྒྱལ་ས་ཐཡེ་པེའི་ནང་ཕྱི་ཟླ་བཅུ་གཉིས་པའི་ཚེས་༣༡ལ་ཕྱི་ལོ་གསར་པ་སྔོན་དུ་བསུས་པའི་ཉིན་དེར་ཐའེ་ལྦན་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གི་ལམ་སྟོན་འོག་ཐེག་གསུམ་ཆོས་གླིང་ཆོས་ཚོགས་དང། ལོང་ཤན་དགོན་པ། ཕ་ཤན་དགོན་པ་བཅས་ཀྱིས་གོ་སྒྲིག་ཐོག་འཛམ་གླིང་ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ་ཆེད་ཀྱི་སྨོན་ལམ་འདུ་ཚོགས་ཤིག་གནང་འདུག་ཅིང་ དེའི་ནང་ཐའེ་ལྦན་དུ་རྟེན་གཞི་བྱས་པའི་བོད་པའི་དགོན་སྡེ་དང་སློབ་གཉེར་ཁང་སོགས་ཀྱི་གྲྭ་བཙུན་དང་ནང་ཆོས་ཉམས་ལེན་བྱེད་མཁན་སོགས་ཁྱོན་བསྡོམས་མི་༦༠༠ཙམ་མཉམ་ཞུགས་བྱས་འདུག སྐབས་དེར་ཐའེ་ལྦན་བོད་གཞུང་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ནས་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་གི་ཆོས་ལུགས་འདྲ་མིན་དབར་གྱི་མཐུན་སྒྲིལ་གོང་འཕེལ་གཏོང་གནང་མཛད་པའི་རླབས་ཆེན་གྱི་མཛད་འཕྲིན་དང་དགོངས་པའི་སྐོར་གསལ་བཤད་གནང་འདུག
ཡང་དེ་བཞིན་ཐེག་གསུམ་ཆོས་གླིང་གི་མཁན་པོ་ཚེ་རྣམ་ལགས་དང་ དེར་འདུས་ཐའེ་ལྦན་གྱི་གནད་ཡོད་དགེ་འདུན་པ་རྣམས་ཀྱིས་ཐའེ་ལྦན་ནང་གི་ནང་ཆོས་ཉམས་ལེན་པ་ནང་ཁུལ་མཐུན་ལམ་བཟང་པོ་དགོས་གལ་ཆེ་བ་ཙམ་མ་ཟད་ ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་ཆེད་ཚང་མས་མཉམ་རུབ་ཀྱིས་ལས་དོན་སྤེལ་རྒྱུ་གལ་ཆེ་ཡིན་པ་སོགས་ཀྱི་གསུང་བཤད་གནང་ཡོད་པ་རེད།