གླུ་བ་ཞིག་ལ་ཁྲིམས་བཅད།
2013.08.28
༄༅། །དེ་ཡང་རེབ་གོང་བ་བསོད་ནམས་ལགས་ཀྱིས་ང་ཚོ་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། སྔ་ལོའི་ལོ་མཇུག་ལ་བོད་མདོ་སྨད་རྨ་ལྷོ་ཁུལ་རེབ་གོང་ཕྱོགས་སུ་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་བསྟུད་མར་བྱུང་རྗེས། རྒྱ་གཞུང་གིས་མངོན་ལྐོག་གཉིས་ནས་བོད་མི་མང་པོ་ཞིག་འཛིན་བཟུང་བྱས་ཡོད་པ་རེད། བོད་མི་དེ་དག་གི་ཁོངས་ནས་བོད་རིགས་གཞོན་སྐྱེས་རྡུང་ལེན་པའམ་གླུ་བ་ཤྭ་བོ་བཀྲ་ཤིས་ལགས་འཛིན་བཟུང་བྱས་རྗེས་ད་བར་གར་སོང་ཆ་མེད་དུ་འགྱུར་ཡོད་པ་རེད། འོན་ཀྱང་ཉེ་བའི་ཆར་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཁོང་རྨ་ལྷོ་ཁུལ་དང་། རེབ་གོང་རྫོང་རྒྱ་ནག་གི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བོད་མི་རང་ལུས་མེར་བསྲེགས་གནང་མཁན་གྱི་འདྲ་པར་བཀྲམ་པ་དང་། རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་ནང་ཞུགས་པ། ལྟ་བ་ཡག་པོ་མེད་པའི་གླུ་གཞས་བླངས་བ་སོགས་ཀྱི་ཉེས་མིང་འོག་མི་ལོ་ལྔའི་དུས་བཀག་ཁྲིམས་ཐག་བཅད་འདུག འོན་ཀྱང་ཁྲིམས་ཐག་ག་དུས་བཅད་པའི་གནས་ཚུལ་ཁ་གསལ་མིན་འདུག གླུ་བ་བཀྲིས་ལགས་ད་ལྟ་ཟི་ལིང་ཁུལ་ན་བཙོན་འཇུག་བྱས་བསྡད་ཡོད་པ་རེད་འདུག
ཤྭ་བོ་བཀྲ་ཤིས་ནི། རྨ་ལྷོ་ཁུལ་རེབ་གོང་མདོ་བ་ཤང་སྒྲོ་ཕྱོགས་ནས་ཡིན་པ་དང་། ནམ་རྒྱུན་གླུ་དང་རྡུང་ལེན་ལ་དགའ་བ་དང་། ཁོང་འཛིན་བཟུང་མ་བྱས་བའི་སྔོན་ཁོར་ཡུག་སྲུང་སྐྱོབ་དང་། སྐད་ཡིག་གཅེས་འཛིན། ད་དུང་མི་རིགས་མཐུན་སྒྲིལ་སོགས་ཀྱི་ནང་དོན་ཡོད་པའི་གླུ་གཞས་རྡུང་ལེན་ཁག་ གཅིག་བླངས་ཡོད་པ་རེད་འདུག