བོད་ནང་གི་ལྕགས་ཟམ་རྫོང་དུ་སླར་ཡང་ཚད་རིམ་༥.༦ཅན་གྱི་ས་ཡོམ་བྱུང་ཡོད་འདུག

2023.01.26
བོད་ནང་གི་ལྕགས་ཟམ་རྫོང་དུ་སླར་ཡང་ཚད་རིམ་༥.༦ཅན་གྱི་ས་ཡོམ་བྱུང་ཡོད་འདུག ས་ཡོམ་བྱུང་རྗེས་མི་མང་ཕྱི་ལ་བྲོས་ནས་བསྡད་ཡོད་པའི་པར་རིས། ༢༠༢༣།༠༡།༢༦ ཉིན།
China State Media

ཕྱི་ལོ་༢༠༢༣ལོའི་ཕྱི་ཟླ་༡ཚེས་༢༦ཉིན་གྱི་བོད་ནང་གི་ཐོ་རེངས་ཆུ་ཚོད་༣དང་སྐར་མ་༤༩སྟེང་། བོད་ནང་གི་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་ས་ཡོམ་ཚད་རིམ་༥.༦ཅན་ཞིག་བྱུང་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་ཤིན་ཧྭ་གཞུང་འབྲེལ་གསར་ལམ་དང་སི་ཁྲོན་སྐར་དམར་(红星)གསར་ཁང་ཟེར་བ་སོགས་ཀྱི་གནས་ཚུལ་ནང་ས་ཡོམ་ཁྲོད་མི་སྣ་རྐྱེན་འདས་སོགས་ཀྱི་གནས་ཚུལ་མེད་སྐོར་བཀོད་ཡོད་པ་དང་། ས་ཡོམ་དང་པོ་དེ་སྒྲ་དང་བཅས་ཤུགས་ཆེན་པོ་བརྒྱབ་སོང་བས་མི་མང་པོ་ཉལ་ས་ལངས་ཏེ་ཁང་པའི་ཕྱི་ལ་བྲོས་ཡོད་པ་དང་། དེའི་རྗེས་ཐེངས་ཁ་ཤས་ལ་བརྒྱབ་སོང་ཀྱང་གནོད་སྐྱོན་བྱུང་ཡོད་པའི་གནས་ཚུལ་ད་དུང་གོ་ཐོས་མེད་པ། བོད་ནང་གི་ས་གནས་འབྲེལ་ཡོད་བོད་མི་ཞིག་ནས་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་ཐེངས་འདིའི་ས་ཡོམ་བྱུང་ཁུལ་གྱི་ལྟེ་བ་དེ་ལྕགས་ཟམ་རྫོང་ཡིན་པ་དང་། ས་ཡོམ་གཏིང་ཟབ་ཚད་སྤྱི་ལེ་༡༡ཟིན་ཡོད་པ་དང་། ས་ཡོམ་གྱི་འགུལ་ཚད་གཡག་རྔ་དང་དཀར་མཛེས། ལི་ཐང་སོགས་ནས་ཤེས་ཚོར་ཐུབ་པ་དང་། ད་ལྟའི་ཆར་རྒྱ་ནག་གཞུང་འབྲེལ་ངོས་ནས་མྱུར་སྐྱོབ་མི་སྣ་བཀོད་སྒྲིག་གིས་ས་གནས་སུ་གནོད་སྐྱོན་དང་མི་སྣ་ཤི་རྨས་ཐད་འཚོལ་ཞིབ་བྱེད་བཞིན་ཡོད་པ་སོགས་བཀོད་འདུག་ལ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བློ་བཟང་གཡང་མཚོ་ལགས་ནས། སྤྱིར་བོད་ཀྱི་ས་དབྱིབས་ཆགས་སྟངས་ནས་ས་ཡོམ་འབྱུང་སླ་གང་ཞིག་ལ། དེང་སྐབས་རྒྱ་རིགས་མང་པོ་བོད་ནང་ཡོང་སྟེ་འཛུགས་སྐྲུན་ཤུགས་ཆེར་བྱེད་བཞིན་པ་དང་། རྒྱ་ནག་གཞུང་གིས་ཆུ་རག་མང་པོ་བརྒྱབ་པ་སོགས་ཀྱིས་བོད་ནང་ས་ཡོམ་ཡང་ཡང་བྱུང་གི་ཡོད་པ་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གིས་སི་ཁྲོན་ཞིང་ཆེན་ཁོངས་གཏོགས་སུ་འབོད་བཞིན་པའི་བོད་ཤར་ལྷོའི་བརྒྱུད་དུ་ཡོད་པའི་རྒྱལ་རོང་ས་ཁུལ་དང་དར་རྩེ་མདོ་སོགས་ནི་རི་ཁུལ་དང་གཡང་གཟར་གྱི་གནས་སུ་ཡོད་སྟབས། ལོ་ལྟར་ས་ཡོམ་དང་ཆུ་ལོག་གི་གནོད་སྐྱོན་མང་དག་ཅིག་ཡོང་གི་ཡོད་པ་རེད་ལ། ཕྱི་ལོ་༢༠༢༢ལོའི་ཕྱི་ཟླ་༩ནང་ལྕགས་ཟམ་རྫོང་དུ་ས་ཡོམ་ཚད་རིམ་༦.༨ཅན་ཞིག་བྱུང་སྟེ། མི་གྲངས་༨༢རྐྱེན་འདས་དང་མི་གྲངས་༢༧༠ལྷག་ལ་རྨས་སྐྱོན་བྱུང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད་ལ། གཞན་ཡང་ཕྱི་ལོ་༢༠༠༨ལོར་ས་ཁུལ་དེ་དག་དང་ཁད་ཉེ་བའི་ཝུན་ཁྲན་གྲོང་ཁྱེར་དུ་ས་ཡོམ་ཚད་རིམ་༨.༢ཅན་ཞིག་བརྒྱབ་སྟེ་མི་གྲངས་༦༩༢༢༧ལྷག་རྐྱེན་འདས་དང་། མི་གྲངས་༡༨༠༠༠གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎