༄༅༎དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཕེབས་འབྱོར་གྱིས་བཀའ་བློན་ཁྲི་པ་མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག
བོད་ཀྱི་བང་ཆེན་ནང་གནས་ཚུལ་སྤེལ་བར་གཞིགས་ན། དབྱིན་ཡུལ་དུ་ཡོད་པའི་Tibet Society ཞེས་པའི་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་གྲོས་ཚོགས་འཐུས་མིའི་ཚོགས་པ་དེའི་གོ་སྒྲིག་འོག་དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མི་ལྔ་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་ཁུལ་ཕེབས་འབྱོར་བྱུང་ཡོད་པ་དང་། ཁོང་རྣམས་ནས་བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱི་ལམ་ལུགས་ཉམས་ཞིབ་གནང་རྒྱུ་ཡིན་འདུག ཡང་གནས་ཚུལ་ནང་བཀོད་པར་ལྟར་ན། སྐུ་ཚབ་ཚོགས་ཆུང་རྣམས་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་གནང་ཡོད་པ་མ་ཟད་རེས་གཟའ་ཕུར་བུའི་ཉིན་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་ཡང་མཇལ་འཕྲད་གནང་གི་ཡོད་འདུག ཁོང་རྣམས་བཞུགས་སྒར་ཁུལ་བཞུགས་རྒྱུན་རིང་ནོར་བུ་གླིང་ཁ་དང་དེ་བཞིན་བོད་ནས་གསར་དུ་ཕེབས་མཁན་ཚོའི་བཞུགས་གནས་སྣེ་ལེན་ཁང་དུའང་གཟིགས་བསྐོར་གནང་ཡོད་པ་རེད།
དབྱིན་ཡུལ་བོད་དོན་གྲོས་ཚོགས་ཀྱི་འཐུས་མི་རྣམས་བཞུགས་སྒར་དུ་འཚམས་འདྲི་གཟིགས་བསྐོར་གནང་རྒྱུ་དེ་སྔ་ཕྱི་ལོ་ ༢༠༠༥ ནས་འགོ་བཙུགས་གནང་བ་དང་། ཁོང་རྣམ་པའི་གཟིགས་བསྐོར་གནང་རྒྱུའི་དམིགས་ཡུལ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་། རྒྱ་ནག་གཞུང་གི་དབར་གྲོས་མོལ་ཡོང་ཐབས་སུ་དམིགས་པ་ཞིག་ཡིན་འདུག
སྤྱིར་བཏང་ཕྱི་རྒྱལ་ཡུལ་གྲུ་འགའ་ཤས་ཀྱི་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་གྲོས་ཚོགས་འཐུས་མི་བཞུགས་སྒར་དུ་ཕེབས་རྒྱུ་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ཀྱི་སྐུ་ཚབ་རྒྱལ་ཁབ་དེ་དག་ནང་འཚམས་འདྲིར་ཕེབས་ནས་གྲོས་ཚོགས་ཀྱི་འགྲོ་སྟངས་ཉམས་ཞིབ་གནང་རྒྱུའི་ལས་རིམ་ཡོད་མུས་ཡིན་པ་རེད།