བྲག་འགོ་རྫོང་དུ་མེ་སྐྱོན་ཁྲོད་ཁྱིམ་ཚང་གསུམ་གྱི་རྒྱུ་དངོས་འཚིག་འདུག

བྲག་འགོ་རྫོང་གི་བོད་མིའི་ཁྱིམ་ཚང་གསུམ་ལ་མེ་སྐྱོན་ཤོར་ནས་ཁང་པ་དང་རྒྱུ་དངོས་ཡོངས་སུ་འཚིག་ཡོད་ཀྱང་མི་སྣ་ཤི་རྨས་བྱུང་མི་འདུག

བྲག་འགོ་རྫོང་དུ་མེ་སྐྱོན་བྱུང་ཡུལ། ༢༠༡༦།༡།༦ བོད་འབྱོར།

བྲག་འགོ་རྫོང་གི་བོད་མིའི་ཁྱིམ་ཚང་གསུམ་ལ་མེ་སྐྱོན་ཤོར་ནས་ཁང་པ་དང་རྒྱུ་དངོས་ཡོངས་སུ་འཚིག་ཡོད་ཀྱང་མི་སྣ་ཤི་རྨས་བྱུང་མི་འདུག
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ལོ༢༠༡༥ལོའི་ཟླ་དང་པོའི་ཚེས་༦ཉིན་གྱི་ཉིན་གུང་ཆུ་ཚོད་དང་པོ་ཙམ་ལ། གློ་བུར་དཀར་མཛེས་ཁུལ་ཁོངས་ཀྱི་བྲག་འགོ་རྫོང་གི་མགོན་པོ་ཚང་སོགས་བོད་མིའི་ཁྱིམ་ཚང་གསུམ་གྱི་སྡོད་ཁང་ལ་གཅིག་རྗེས་གཉིས་མཐུད་དུ་མེ་ཤོར་ནས་ཁང་པ་དང་རྒྱུ་དངོས་ཡོངས་སུ་འཚིག་ཡོད་པ་རེད་འདུག
ས་གནས་བོད་མི་ཞིག་གིས་བརྗོད་དོན། སྐབས་དེར་ཉེ་འཁོར་གྱི་ས་གནས་བོད་མི་ཚོས་རོགས་རམ་བྱས་ནས་གང་ཐུབ་མེ་གསོད་ཐབས་བྱས་ཀྱང་དགུན་ཁའི་རླུང་ཤུགས་ཆེན་པོའི་ཁྲོད་མེ་ལྕེ་ཤུགས་ཆེན་གང་སར་མཆེད་པར་བརྟེན། དུས་ཐོག་མེ་གསོད་མ་ཐུབ་པར་ཁྱིམ་ཚང་གསུམ་པོའི་སྡོད་ཁང་དང་རྒྱུ་དངོས་ཡོངས་རྫོགས་འཚིག་སོང་། འོན་ཀྱང་སྐབས་དེར་མི་སྣ་ཤི་རྨས་སོགས་ཀྱི་གནས་ཚུལ་གང་ཡང་བྱུང་མེད་པ་བརྗོད་བྱུང་། དེ་ལྟར་མེ་སྐྱོན་གྱི་རྒྱུ་རྐྱེན་ད་དུང་གསལ་བོ་མེད་པ་རེད།
གསར་འགོད་པས་སྐབས་དེར་རྫོང་ཐོག་ལ་ཡོད་པའི་ས་གནས་རྒྱ་ནག་གི་མེ་གསོད་རུ་ཁག་དུས་ཐོག་འབྱོར་ཡོད་མེད་འདྲི་རྩད་བྱས་སྐབས། གནས་ཚུལ་ངོ་སྤྲོད་པས། ས་གནས་བོད་མི་ཚོས་མེ་གསོད་ཆ་རྐྱེན་ཡག་པོ་ཡོད་མིན་ལ་མ་བལྟོས་བར་དུས་ཐོག་གང་ཐུབ་རོགས་རམ་ཡག་པོ་བྱས་བྱུང་ཅེས་བརྗོད་བ་ལས་རྒྱ་ནག་གི་མེ་གསོད་རུ་ཁག་འབྱོར་མིན་ཐད་ལན་འདེབས་གནང་མ་བྱུང་།
ཉེ་བའི་ནང་བོད་ནང་རྒྱུ་རྐྱེན་འདྲ་མིན་འོག་མེ་སྐྱོན་གྱི་གནས་ཚུལ་ཡང་ཡང་ཡོད་བཞིན་པ་དང་། ཉེ་བའི་སྤྱི་ལོ་༢༠༡༥ལོའི་ཟླ་༡༡་ཚེས་༡༨ཉིན་མདོ་སྨད་མཛོད་དགེ་ཐང་སྐོར་སོག་ཚང་སྡེ་བའི་རྩྭ་ས་དང་། ཡུལ་མིའི་སྡོད་ཁྱིམ་མང་པོར་མེ་སྐྱོན་ཚབས་ཆེན་བྱུང་ཡོད་པ་དང་། ཟླ་༡༠ཚེས༢༤ཉིན་མདོ་སྨད་ཀན་ལྷོ་ཁུལ་ཅོ་ནེ་ཆོས་དཔལ་ཞིང་གི་བཀྲ་ཤིས་ཆོས་འཁོར་གླིང་གི་བླ་མ་དཀར་བོའི་ནང་ཆེན་ལ་ཡང་མེ་སྐྱོན་ཚབས་ཆེན་བྱུང་ཡོད་པ་རེད།

གསར་འགོད་པ་ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org