བཞུགས་སྒར་དུ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན།
2012.10.30
༄༅། །དེ་ཡང་ཟླ་བ་འདིའི་ཕྱི་ཚེས་༣༠ ཉིན། གློག་བརྙན་བཟོ་སྐྲུན་གནང་མཁན་Ritu Sarin ལགས་དང་། བསྟན་འཛིན་བསོད་ནམས་ལགས་རྣམ་གཉིས་ཀྱིས་བཞུགས་སྒར་དྷ་རམ་ས་ལར་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་དང་འབྲེལ། བཞུགས་སྒར་དྷ་རམ་ས་ལར་ད་རེས་ཐེངས་དང་པོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གོ་སྒྲིག་གནང་རྒྱུ་ཡིན་པའི་གསལ་བསྒྲགས་གནང་འདུག
བཞུགས་སྒར་རྡ་རམ་ས་ལ་དེ་ནི་རྒྱལ་སྤྱིའི་གློག་བརྙན་གྱི་དུས་སྟོན་གོ་སྒྲིག་གནང་སའི་ས་གནས་འོས་ཤོས་ཤིག་ཡིན་པར་གཟིགས་ཏེ་ཕྱི་ཟླ་༡༡པའི་ཚེས་༡ནས་ཚེས་༤བར་རྒྱལ་སྤྱིའི་གློག་བརྙན་གྱི་དུས་སྟོན་ཞེས་པ་ཞིག་གོ་སྒྲིག་གནང་རྒྱུ་ཡིན་པ་རེད།
ཐེངས་འདིའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གོ་སྒྲིག་པ་བསྟན་འཛིན་བསོད་ནམས་ཀྱིས་བརྗོད་ན། ཐེངས་འདིར་དྷ་སར་གོ་སྒྲིག་བྱ་རྒྱུའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག རྒྱལ་སྤྱིའི་གློག་བརྙན་ཁག་༢༦ འགྲེམས་སྟོན་བྱ་རྒྱུ་ཡིན་པ་ལས་དེ་དག་གི་ནང་། དངོས་བྱུང་གློག་བརྙན་༡༢ དང་། བོད་དོན་དང་འབྲེལ་བའི་གློག་བརྙན་༣ ཡོད་པ་རེད་འདུག
བོད་དང་འབྲེལ་བའི་གློག་བརྙན་ཁག་གསུམ་བཏོན་གནང་གི་ཡོད་པ་ནི་My Reincarnation and Yangsi ཞེས་པ་སྤྲུལ་སྐུའི་ཡང་སྲིད་ཀྱི་སྐོར་དང་། Summer Pasture ཞེས་པ་བོད་ཀྱི་འབྲོག་པའི་ནང་མིའི་ལོ་རྒྱུས་ཀྱི་གློག་བརྙན་བཅས་ད་རེས་རྒྱལ་སྤྱིའི་གློག་བརྙན་གྱི་དུས་སྟོན་ནང་བཏོན་རྒྱུ་ཡིན་པ་རེད།
གསལ་འགོད་གསལ་བསྒྲགས་སྐབས། ཡང་གོ་སྒྲིག་པས་བརྗོད་ན་ལོ་འདིའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དེ་དམིགས་ བསལ་གྱིས་བོད་དོན་དང་འབྲེལ་བ་མེད་ན་ཡང་། འཛམ་གླིང་གི་མི་སྣ་མང་པོ་ཞིག་འདིར་ཡོང་གི་ཡོད་པ་དང་སྟབས་བསྟུན་བོད་དོན་ སྐོར་ཟུར་དུ་དྲིལ་བསྒྲགས་བྱས་ཐུབ་པར་བསམ་བློ་བཏང་ཡོད་ཅེས་གསུངས་འདུག།