བོད་ནས་བྲོས་བྱོལ་དུ་ཡོང་མཁན་ཇེ་ཉུང་འགྲོ་བཞིན་པ།

༢༠༠༨ལོར་བོད་ནང་ཞི་རྒོལ་ཆེན་པོ་བྱུང་བའི་རྗེས་བོད་ནས་བྲོས་བྱོལ་དུ་ཡོང་མཁན་གྱི་བོད་མིའི་གྲངས་འབོར་ཇེ་ཉུང་འགྲོ་བཞིན་ཡོད་པ་རེད།

2010.07.25

༄༅༎ཕྱི་ལོ་༢༠༠༨ལོར་བོད་ནང་ཞི་རྒོལ་ཆེན་པོ་བྱུང་བའི་རྗེས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་དྲག་ཆེ་རུ་བཏང་བ་དང་ལྷག་པར་དུ་བལ་ཡུལ་གཞུང་ལ་གནོན་ཤུགས་སྤྲད་དེ་བལ་ཡུལ་ས་མཚམས་ཐོག་སྲུང་སྐྱོབ་ལས་དོན་དམ་དྲག་བྱས་པའི་གནས་སྟངས་འོག་བོད་ནས་བྲོས་བྱོལ་དུ་ཡོང་མཁན་གྱི་བོད་མིའི་གྲངས་འབོར་ཇེ་ཉུང་འགྲོ་བཞིན་ཡོད་པ་རེད།

དེ་རིང་རེས་གཟའ་ཉི་མའི་ཉིན་ཕེ་རིན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། བཞུགས་སྒར་རྡ་རམ་ས་ལའི་བོད་གཞུང་སྣེ་ལེན་ཁང་ནི་བར་ལམ་བོད་ནས་བྲོས་བྱོལ་དུ་ཡོང་མཁན་མེད་པར་ཧ་ལམ་སྟོང་པར་གྱུར་སྟེ་འདས་པའི་༢༠༠༨ ནས་བཟུང་ད་བར་ལོ་གཅིག་དང་ཟླ་བ་དྲུག་ནང་དུ་སྣེ་ལེན་ཁང་དུ་བོད་ནས་བྲོལ་བྱོལ་བ་སྣེ་ལེན་བྱེད་པའི་གྲངས་འབོར་དེ་སྔ་དང་བསྡུར་ན་འགྱུར་ལྡོག་ཆེན་པོ་ཆེན་པོ་ཕྱིན་ཡོད་པ་རེད། དེ་སྔ་༢༠༠༨ལོར་བོད་ནང་ཞི་རྒོལ་ཆེན་པོ་མ་བྱུང་གོང་ལ་བོད་མི་སྟོང་ཕྲག་མང་པོ་བལ་ཡུལ་བརྒྱུད་བཞུགས་སྒར་རྡ་རམ་ས་ལར་བསྐྱོད་པ་ཡིན་ཞིང༌། དེའི་ནང་ནས་མང་ཆེ་བ་ནི་རང་ཉིད་ཀྱི་རྐང་བགྲོས་ཁོ་ནར་བརྟེན་ནས་གངས་རིའི་གྲང་ངར་དང་ལྷག་རླུང། བཀྲེས་ལྟོག གཡང་གཟར་ཅན་གྱི་རི་རླུང་བརྒལ་ཏེ་རྐང་པར་ཆུ་འབུར་འདོན་པ་སོགས་ལུས་སེམས་དཀའ་ངལ་གདོང་ལེན་བྱས་ཏེ་བལ་ཡུལ་བརྒྱུད་རྒྱ་གར་དུ་བྲོས་བྱོལ་དུ་ཡོང་གི་ཡོད་ཀྱང༌། དེང་སྐབས་བོད་མི་ཡོང་མཁན་ཇེ་ཉུང་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་རེད། དེ་ཡང་བཞུགས་སྒར་རྡ་རམ་ས་ལའི་མེག་ལོར་གྷན་ཇིར་ཡོད་པའི་བོད་གཞུང་སྣེ་ལེན་ཁང་གི་འགན་འཛིན་གཞོན་པ་མི་འགྱུར་གཡུ་སྒྲོན་ལགས་ཀྱིས་ཕེ་རིན་གསར་འགོད་པའི་བཅར་འདྲིར་དང་ལེན་གནང་སྐབས། ༢༠༠༨གོང་གི་བར་དུ་སྣེ་ལེན་ཁང་དུ་ལོ་ལྟར་བཞིན་བོད་མི་བྲོས་བྱོལ་བ་ཉིས་སྟོང་ལྔ་བརྒྱ་ནས་གསུམ་སྟོང་བར་ཡོང་མཁན་ཡོད་པ་དང༌། ༢༠༠༨ལོའི་ཕྱི་ཟླ་གཉིས་པ་ནས་བཟུང་སྣེ་ལེན་ཁང་དུ་བོད་མི་ཆིག་སྟོང་ལས་ཡོང་མཁན་བྱུང་མེད་པ་འགྲེལ་བརྗོད་བྱས་ཡོད་པ་རེད། ཕེ་རན་སི་གསར་འགོད་པས་སྣེ་ལེན་ཁང་དུ་ཡོད་པའི་ཉེ་ཆར་བོད་ནས་གསར་དུ་འབྱོར་བ་ཁག་ཅིག་ལ་གནས་ཚུལ་འདྲི་རྩད་བྱེད་སྐབས་དེ་སྔ་༢༠༠༨གོང་ལ་བལ་ཡུལ་བར་ལམ་ཁྲིད་པར་རྒྱ་མིའི་སྒོར་མོ་ལྔ་སྟོང་ནས་དྲུག་སྟོང་བར་སྤྲོད་ཀྱི་ཡོད་ཀྱང་དེང་སང་ཉེན་ཁ་ཆེ་རུ་ཕྱིན་པའི་རྐྱེན་གྱིས་ལམ་ཁྲིད་པས་གོ་སྐབས་བཟུང་སྟེ་རྒྱ་མིའི་སྒོར་མོ་ཆིག་ཁྲི་ལྔ་སྟོང་ལ་སྤར་ཡོད་པའི་གནས་ཚུལ་འགྲེལ་བརྗོད་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎