༧གོང་ས་མཆོག་གིས་ཧོན་སུར་དུ་ཆོས་འབྲེལ་བཀའ་སློབ།
2011.12.08
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལ་དད་པ་བྱེད་ཡག་ཙམ་མ་ཡིན་པར་ཡིད་ཆེས་པའི་དད་པ་ནི་གལ་ཆེ་ཡིན་སྐོར་བཀའ་གནང་ཡོད་ལུགས་བོད་ཀྱི་ཕོ་ཉ་ཞེས་པས་གནས་ཚུལ་སྤེལ་བཞག།
དེ་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་༡༢་ཚེས་༥ནས་བཟུང་ཉིན་གྲངས་གསུམ་རིང་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་ཡོད་པ་དང་དཔལ་ལྡན་རྒྱུད་སྨད་གྲ་ཚང་དུ་གསུང་ཆོས་གནང་སྐབས་དགེ་འདུན་པ་ཚོར་ ནང་ཆོས་སློབ་གཉེར་ཙམ་མ་ཡིན་པར་ དེང་དུས་ཀྱི་ཤེས་ཡོན་ལའང་སྦྱང་བརྩོན་གནང་སྟེ་དུས་རབས་ཉེར་གཅིག་པའི་ནང་པའི་དགེ་འདུན་པ་ཞིག་བྱེད་དགོས་པའི་བཀའ་སློབ་གནང་བཞག།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཞུ་བར་དགེ་འདུན་པ་དང་ བཙུན་མ་ སེར་སྐྱ་མི་མང་སོགས་དད་ལྡན་ཆོས་ཞུ་བ་ཆིག་ཁྲི་ཙམ་འདུ་འཛོམས་བྱུང་ཡོད་པ་དང་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མས་བྱམས་སྙིང་རྗེ་དང་ རྒྱལ་སྤྱིའི་ནང་ཞི་བདེ་བསྐྲུན་ཐབས་སུ་འབད་བརྩོན་གནང་དགོས་པའི་བཀའ་སློབ་གནང་བཞག།
དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནས་གསར་དུ་འབྱོར་བའི་ཆོས་ཞུ་བ་༥༠༠་ཙམ་ལ་བཀའ་སློབ་གནང་བའི་ནང་ བོད་ནང་ཆོས་དད་རང་དབང་མེད་པ་དང་ རྒྱ་ནག་གཞུང་གིས་ཆོས་ཉན་པ་དང་ ཆོས་དད་བྱེད་པ་སོགས་ནི་ཆབ་སྲིད་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་ བྱས་ཙང་ཁྱེད་རྣམས་བོད་ནས་འདི་གར་ཆོས་ཉན་དུ་ཕེབས་པ་འདིར་ངས་འཚམས་འདྲི་ཞུ་གི་ཡོད་ཅེས་བཀའ་གནང་བཞག། ཁ་ས་ཚེས་༧ཉིན་གསུང་ཆོས་དང་ ཚེ་དབང་ དེ་བཞིན་བརྟན་བཞུགས་བཅས་ལེགས་པར་གྲུབ་རྗེས་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཧོན་སུར་གཞིས་ཆགས་སུ་གངས་ཅན་རིག་གནས་སློབ་གྲ་ཞེས་པའི་སློབ་གྲ་གསར་པ་ཞིག་དབུ་འབྱེད་གནང་བཞག། སློབ་གྲ་གསར་པ་དེའི་ནང་ཕྱི་ཟླ་དང་པོ་ནས་བཟུང་དགུན་ཁའི་གུང་སེང་སྐབས་སུ་སློབ་ཕྲུག་༧༠ཙམ་ལ་ནང་ཆོས་དང་ བོད་ཡིག་སློབ་འཁྲིད་གནང་རྒྱུ་ཡིན་འདུག་།༎