རྒྱ་ནག་གིས་བཙུན་མ་ཕྱིར་ཕུད་དང་བཙུན་ཤག་མང་པོ་གཏོར་འདུག
2015.11.10
རྒྱ་ནག་གིས་བྱ་མདའ་བཙུན་དགོན་གྱི་བཙུན་མ་བརྒྱ་ལྷག་ཕྱིར་ཕུད་བཏང་བ་དང་བཙུན་ཤག་མང་པོ་གཏོར་ཡོད་འདུག
དེ་ཡང་བོད་ནས་འདི་གར་གནས་ཚུལ་འབྱོར་བ་དང་ངག་དབང་ཐར་པ་ལགས་ཀྱིས་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། ཉེ་བའི་སྤྱི་ཟླ་༩བའི་ཚེས༣༠ཉིན་ནས་ཟླ་༡༠ཚེས་༥ཉིན་བར་ནག་ཤོད་འབྲི་རུ་རྫོང་བན་དཀར་༼པད་དཀར་༽ཡུལ་ཚོའི་བྱ་མདའ་དགོན་དཔལ་ལྡན་མཁའ་སྤྱོད་གླིང་གི་བཙུན་མ་༡༠༦ཙམ་རྒྱ་གཞུང་གིས་ཕྱིར་ཕུད་བཏང་བ་མ་ཟད་ཁོང་ཚོའི་བཙུན་ཤག་མང་པོ་གཏོར་ཡོད་འདུག
ངག་དབང་ཐར་པ་ལགས་ཀྱིས་བརྗོད་དོན། ཕྱིར་ཕུད་བཏང་བའི་བཙུན་མ་དེ་དག་ནི་ས་གནས་རྒྱ་ནག་གི་ཆོག་མཆན་ཡིག་ཆ་སོགས་གང་ཡང་མེད་པ་དང་། གྲྭ་བཙུན་ཚོད་འཛིན་གྱི་གྲངས་ཀའི་ནང་མ་ཚུད་པ། དེ་བཞིན་༧གོང་ས་མཆོག་ལ་མཚན་དམོད་དགག་རྒྱག་མི་བྱེད་མཁན་བཅས་ཡིན་པས་ཁོང་ཚོ་ཚང་མ་སོ་སོའི་རང་ཁྱིམ་ལ་ལོག་བཅུག་པ་དང་། མང་པོ་དཔལ་འབར་རྫོང་དང་། སོག་རྫོང་། འབྲི་རུ་རྫོང་བཅས་སུ་ཡོད་པའི་གྲོང་ཚོ་ཁག་གི་འགོ་ཁྲིད་བརྒྱུད་རང་ཁྱིམ་དུ་རྩིས་སྤྲོད་བྱས་འདུག
བོད་ནས་བཏང་བའི་གནས་ཚུལ་ནང། སྲིད་གཞུང་གི་འགོ་ཁྲིད་ཚོས་བཙུན་ཤག་གཏོར་སའི་ས་ཆ་དེ་རང་ལ་གཞུང་གིས་བཙུན་ཤག་རྒྱག་རྒྱུ་ཡིན་པ་སོགས་སྒྲིག་ཁོངས་ཀྱི་བཙུན་མ་ཚོར་རོགས་རམ་བྱེད་འཆར་ཡོད་སྐོར་དང་། རྒན་ཡོལ་གྱི་བཙུན་མ་ཚོར་རྒན་གསོ་ཁང་རྒྱག་རྒྱུ་དང་། སྒྲིག་ཁོངས་ན་མེད་པའི་བཙུན་མ་ཚོར་སློབ་གྲྭ་འཛུགས་རྒྱུ་ཡིན་ལུགས་སོགས་བཤད་ཡོད་པ་དང་། ད་དུང་ས་གནས་འགོ་ཁྲིད་ཚོ་བྱ་མདའ་དགོན་དུ་ཡོང་སྟེ། བཙུན་དགོན་གྱི་གསེར་དངུལ་ལས་གྲུབ་པའི་མཆོད་ཆས་རིགས་དང་། ལྷ་སྐུ་གསུང་རབས་རྣམས་ས་གནས་སྲིད་གཞུང་གིས་བདག་བཟུང་བྱས་ཡོད་པ་མ་ཟད། དགོན་པའི་ལྷ་ཁང་མན་ཆད་ཀྱི་བཙུན་ཤག་ཚང་མ་གཏོར་བཤིག་བཏང་ཚར་ཡོད་འདུག ལྷ་ཁང་ཡན་གྱི་བཙུན་ཤག་ཁ་ཤས་ཀྱང་གཏོར་ཚར་ཡོད་ལ། ཆུ་ཕར་རྒྱབ་ཀྱི་ཁང་པ་རྣམས་ཀྱང་གཏོར་འཆར་ཡོད་སྐོར་དང་། བྱ་མདའ་དགོན་གྱི་ཕྱིར་འབུད་བཏང་བའི་བཙུན་མ་རྣམས་ཀྱི་ཁང་པ་མང་པོ་དགོན་པ་ལ་ཕུལ་ཡང་། སྲིད་གཞུང་གིས་གཏོར་བཤིག་བཏང་སྟེ་ཤིང་ཆ་རྣམས་བན་དཀར་གྲོང་ཚོའི་འགོ་ཁྲིད་དང་ནགས་ལས་བ་ཚོས་གཅིག་ཏུ་སྤུངས་ཏེ་དབོར་འདྲེན་བྱ་འཆར་ཡོད་སྐོར་བརྗོད་འདུག
ཤུལ་ལྷག་བཙུན་མ་༤༦ཙམ་ཡོད་པ་ཚོར་གཞུང་གི་རོགས་རམ་འོག་བཙུན་ཤག་གསར་པ་རྒྱག་རྒྱུ་ཡིན་ཚུལ་བཤད་ནས་བཙུན་ཤག་མང་ཆེ་བ་གཏོར་བཤིག་བཏང་ཡོད་སྟབས། ད་ལྟ་ཤུལ་དུ་ལྷག་པའི་བཙུན་མ་རྣམས་ཀྱང་འདུག་ས་མེད་པར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་འདུག
ཕྱི་ཟླ་༡༠ཚེས་༥ཉིན་ནས་བཟུང་ས་གནས་མགོ་ཁྲིད་ཚོས་དགོན་པའི་སྒྲིག་ཁོངས་སུ་ཡོད་པའི་བཙུན་མ་རྣམས་ལ་ཚོགས་འདུ་ཡང་ཡང་བསྡུས་ཏེ། ༧གོང་ས་མཆོག་ལ་མཚན་དམོད་ཞུ་དགོས་པ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློའི་སློབ་གསོ་གཏོང་བཞིན་ཡོད་འདུག
གནས་ཚུལ་ལྟར་ན། དེ་སྔ་སྤྱི་ལོ་༢༠༡༤ལོའི་ལོ་མཇུག་ཙམ་ལ་དགོན་པ་དེའི་བཙུན་མ་༢༦ ཙམ་རྒྱ་གཞུང་གིས་ཕྱིར་འབུད་བཏང་ཡོད་འདུག
རྡ་རམ་སཱ་ལའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། འདི་ཚེས་༨ཉིན་གསལ་བསྒྲགས་སྤེལ་ནས། སྤྱི་ལོ་༢༠༡༡ལོའི་མཇུག་ཙམ་ནས་བཟུང་། རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་སུ་ཆབ་སྲིད་ལས་འགུལ་སྤེལ་ཏེ། ནག་ཆུ་ས་ཁུལ་དང་ཡང་སྒོས་འབྲི་རུ་རྫོང་དང་། སོག་རྫོང་བཅས་ནི་ལས་འགུལ་དེ་སྤེལ་ཡུལ་ཚབ་མཚོན་ས་ཁུལ་ཏུ་བཟུང་ནས་ལས་འགུལ་ཤུགས་ཆེན་པོ་སྤེལ་ཏེ། ས་གནས་བོད་མི་རྣམས་ལ་དྲག་གནོན་གྱིས་ཛ་དྲག་གནས་སྟངས་རིམ་པར་བྱུང་ཡོད་པ་དང་། ཉེ་བའི་ཕྱི་ཟླ་༩པའི་ནང་རྒྱ་ནག་གིས་སྤེལ་བའི་༼ཆོས་ལུགས་ཁྱབ་ཁོངས་བཅོས་སྒྲིག་གཙང་བཤེར་དང་ཚད་ལྡན་བཟོ་རྒྱུའི་ལས་དོན་སྔར་བས་གཏིང་ཟབ་སྤེལ་རྒྱུ་དང་། དགོན་སྡེའི་དབང་ཆ་བཞིར་ཁྲིམས་ལྟར་ཤུགས་སྣོན་རྒྱག་རྒྱུའི་ལས་ཀའི་འགན་འཁྲི་རྩད་གཅོད་མཐར་ཕྱིན་བྱ་རྒྱུའི་སྐོར་གྱི་འབྲི་རུ་རྫོང་མི་དམངས་སྲིད་གཞུང་གི་ཆད་གཅོད་གཏན་འབེབས་བྱས་པའི་ཡིག་ཆ་དེས་སྔར་ལས་ལྷག་པར་ཛ་དྲག་གནས་སྟངས་མུ་མཐུད་ལྷག་ཡོད་པ་བསྟན་པ་དང་། དེ་བཞིན་ཆོས་དད་ཐད་དམ་དྲག་གི་གནས་སྟངས་ལ་བློ་འཚབ་ཆེན་པོ་ཡོད་པ་བརྗོད་ཡོད།
གསར་འགོད་པ་ཀླུ་འབུམ།