ཟི་ལིང་གྲོང་ཁྱེར་གྱི་ལྟེ་བའི་གནམ་ཐང་ལ་འབར་གས་བྱུང་འདུག
2014.07.15
མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྱི་ལྟེ་བའི་གནམ་ཐང་ལ་འབར་གས་དོན་རྐྱེན་བྱུང་ནས་ཉུང་མཐར་མི་གསུམ་ཙམ་ལ་རྨས་སྐྱོན་བྱུང་ཡོད་པ་རེད།
དེ་ཡང་གནས་ཚུལ་ལྟར་ན། དེ་རིང་སྤྱི་ཟླ་༧ཚེས་༡༥ཉིན་གྱི་ཉིན་རྒྱབ་མཚོ་སྔོན་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཟི་ལིང་གནམ་ཐང་གི་རླངས་འཁོར་འཇོག་སའི་ཁུལ་ནས་གློ་བུར་འབར་གས་ཀྱི་དོན་རྐྱེན་བྱུང་ནས་ཉུང་མཐར་མི་གསུམ་ཙམ་ལ་རྨས་སྐྱོན་བྱུང་ཡོད་པ་དང་། གནས་ཚུལ་ལྟར་ན་འབར་གས་དེ་ནི་གད་སྙིགས་བླུགས་སའི་སྒམ་ཞིག་ནས་བྱུང་བ་ཡིན་པའི་ཚོད་དཔག་བྱེད་བཞིན་པ་ལས་ཞིབ་ཕྲའི་གནས་ཚུལ་རྩད་གཅོད་བྱེད་བཞིན་པ་ཡིན་འདུག AP གསར་ལས་ཁང་གིས་ཟི་ལིང་གྲོང་ཁྱེར་གྱི་ཉེན་རྟོག་ལས་ཁུངས་སུ་ཁ་པར་བཏང་ནས་རྩད་གཅོད་བྱེད་སྐབས་ཁ་པར་ལེན་མཁན་བུད་མེད་ཅིག་གིས་འབར་རྒས་ཀྱི་དོན་རྐྱེན་བྱུང་བ་ངོས་ལེན་བྱས་ཡོད་ཀྱང་གནས་ཚུལ་ཞིབ་ཕྲ་འགྲེལ་བརྗོད་བྱས་མི་འདུག གནས་ཚུལ་བྱུང་ནས་ཅང་མ་འགོར་བར་། རྒྱ་ནག་གི་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པ་མང་པོ་ཡོང་ནས་དེའི་ཉེ་འཁོར་གྱི་གཞུང་ལམ་བཀག་པ་དང་ས་གནས་སུ་དམ་དྲག་བྱས་ཡོད་པ་རེད།
གོང་གི་ཟི་ལིང་གནམ་ཐང་ནི་མདོ་དབུས་མཐོ་སྒང་གི་གནམ་ཐང་ཆེ་གྲས་དང་། གནམ་ཐང་བྲེལ་ཟིང་ཚ་ཤོས་ཡིན་ལ་ཉེ་སྔོན་གནམ་ཐང་དེ་ནས་གནམ་གྲུ་ཆེ་གྲས་ཁག་ཡང་གཏོང་མགོ་བརྩམས་ཡོད་པ་རེད།
གསར་འགོད་པ་ཀླུ་འབུམ་དང་རིག་ལྡན་སྒྲོལ་མ།