འཕྲོད་བསྟེན་བཀའ་བློན་ལ་གཟེངས་རྟགས་ཤིག་ཕུལ་བ།
2012.05.29
༄༅༎བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་ལགས་སུ། པོའོ་ལེནདྲ་ནང་དུ་ཡོད་པའི་མཚན་སྙན་ཆེ་བའི་སྨན་པ་ཀྲའེ་ཀྲསི་ཆ་ལུ་སྦིནསི་ཀི་ཡི་མཚན་ཐོག་གཟེངས་རྟགས་ཀྱི་བྱ་དགའ་ཕུལ་ཡོད་པའི་སྐོར་དེ་རི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།
འཕྲོད་བསྟེན་བཀའ་བློན་མཆོག་ཕྱི་ཚེས་༢༦ ནས་པོའོ་ལེནདྲ་ཡི་རྒྱལ་ས་ལྦར་སོར་དུ་འཚམས་འདྲིར་ཕེབས་ཏེ། ཉིན་དེར་པོའོ་ལེནདྲ་ཆེས་མཐོའི་སྨན་པའི་མཐོ་རིམ་སློབ་གཉེར་ཁང་ནས་ཐོན་ཟིན་པའི་སློབ་མ་དང༌ལྷན་དུ་རྒྱལ་སྤྱིའི་བགྲོ་གླེང་གི་ལྷན་ཚོགས་ཐོག་མཉམ་ཞུགས་གནང་བ་མ་ཟད། ཁོང་རྣམས་ལ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་དང༌། བཙན་བྱོལ་བོད་མིའི་འཕྲོད་བསྟེན་བལྟ་སྐྱོང་ལས་གཞི་དང་འཕྲོད་བསྟེན་གྱི་གནས་སྟངས་སོགས་ངོ་སྤྲོད་གནང་ཡོད་པ་རེད། དེ་རྗེས་མཐོ་རིམ་སློབ་གཉེར་ཁང་དེའི་འགོ་འཛིན་མཁས་དབང་སྨན་པ་མ་རེཀ་ཀར་ཛིཀ་དང༌། ཡང་མཁས་དབང་སྨན་པ་ཇར་ཛི་ཨ་པེ་ལེནསི་ཀི་རྣམ་གཉིས་དང༌། འཕྲོད་བསྟེན་བཀའ་བློན་སྨན་པ་ཚེ་རིང་དབང་ཕྱུག་དབུས་པའི་མཐོ་སློབ་དེ་ནས་ཐོན་པའི་སློབ་མ་རྣམས་ལ། རྒྱལ་སྤྱིའི་ནང་དུ་མཐོ་རིམ་སློབ་གཉེར་ཁང་དེའི་མཚན་ཐོངས་གོང་འཕེལ་གྱི་ཆེད་དུ་ཁྱད་དུ་འཕགས་པའི་ཕྱག་ལས་གནང་བའི་བྱས་རྗེས་ལ། པོའོ་ལེནདྲ་གྱི་མཚན་སྙན་ཆེ་བའི་སྨན་པ་ཀྲའེ་ཀྲསི་ཆ་ལུ་སྦིན་སི་ཀི་ཡི་མཚན་ཐོག་གི་བྱ་དགའ་ཕུལ་ཡོད་པ་རེད། དེ་ནས་ཕྱི་ཚེ་༢༧ ཉིན་སྔ་དྲོ་འཕྲོད་བསྟེན་བཀའ་བློན་མཆོག་གིས། པོའོ་ལེནདྲ་ཡི་བརྙན་འཕྲིན་ལས་ཁང་TVN 24ཡི་གསར་འགོད་པ་དང་འདྲི་བ་འདྲི་ལན་གནང་སྟེ། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང༌། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་དམངས་གཙོའི་ལམ་ནས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་བ་སོགས་བཙན་བྱོལ་ནང་གི་དམངས་གཙོའི་འཕེལ་རིམ་སོགས་འགྲེལ་བརྗོད་གནང་ཡོད་པ་དང༌། དེ་རྗེས་ཉིན་དེའི་ཕྱི་དྲོར་པོའོ་ལེནདྲ་ནང་དུ་གནས་སྡོད་བྱེད་བཞིན་པའི་བོད་མི་རྣམས་ལ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་༡༤ པའི་ལྟ་གྲུབ་གསུམ་དང༌། འཕྲོད་བསྟེན་ལས་ཁུངས་ཀྱིས་ལས་དོན་འཆར་གཞི་ཁག་ངོ་སྤྲོད་གནང་བ་དང། མི་དམངས་ཀྱི་དོགས་འདྲི་ཁག་ལ་ལན་འདེབས་གནང་ཡོད་ཅིང༌། དེ་ནས་ཕྱི་ཚེས་༢༨ ཉིན་འཕྲོད་བསྟེན་བཀའ་བློན་མཆོག་གིས། པོའོ་ལེནདྲ་གཞུང་གི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་བ་དང༌། དེ་རྗེས་དེའི་ཁུལ་གྱི་མཐོ་རིམ་སློབ་གྲྭ་ཞིག་ཏུ་ཕེབས་ཏེ། སློབ་མ་ཚོར་བཙན་བྱོལ་བོད་མིའི་འཕྲོད་བསྟེན་གྱི་གནས་སྟངས་སྐོར་ངོ་སྤྲོད་ཀྱི་གསུང་བཤད་གནང་ཡོད་པ་རེད།