བལ་ཡུལ་ནང་གི་བོད་མིའི་རང་དབང་སྲུང་སྐྱོབ་ཡོང་བའི་སྐུལ་མ།
2010.10.11
༄༅༎བཙན་བྱོལ་བོད་གཞུང་གི་སྤྱི་འཐུས་ལྷན་ཚོགས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ནག་ཉེས་གུ་ཡངས་ཚོགས་པར་བལ་ཡུལ་ནང་ཡོད་པའི་བོད་མི་རྣམས་ཀྱི་རང་དབང་སྲུང་སྐྱོབ་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད་ དེ་ཡང་བཙན་བྱོལ་བོད་གཞུང་གི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་རྒྱ་རི་སྒྲོལ་མ་ལགས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སྦན་ཀི་མུན་ མཆོག་དང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ན་ལྦ་ཐེམ་པི་ལའེ་རྣམ་གཉིས་དང་རྒྱལ་སྤྱིའི་ནག་ཉེས་གུ་ཡངས་ཚོགས་པའི་འགན་འཛིན་བཅས་པར་ཕྱག་བྲིས་ཤིག་ཕུལ་ཡོད་པ་རེད་
ཕྱག་བྲིས་དེའི་ནང་༢༠༡༠ཟླ་བ་༩པའི་ཚེས་༢ཉིན་བཙན་བྱོལ་ནང་ཡོད་པའི་བོད་མི་རྣམས་ཀྱིས་དམངས་གཙོའི་ལམ་ལུགས་བཙུགས་ནས་ལོ་ངོ་ ༥༠འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད་ཅིང་ ཟླ་བ་འདིའི་ཚེས་༣ཉིན་བཙན་བྱོལ་བོད་མི་ཚོས་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་སྐབས་༡༥པའི་སྤྱི་འཐུས་ཀྱི་འོས་བསྡུ་གནང་ཡོད་པ་རེད་ཅེས་བཀོད་ཡོད་པ་རེད་
ཡང་ཕྱག་བྲིས་དེའི་ནང་བཙན་བྱོལ་བོད་མི་མང་གི་སྤྱི་འཐུས་སྐབས་དང་པོ་དེ་ཕྱི་ལོ་༡༩༦༠ཟླ་བ་༩ཚེས་༢ཉིན་ལས་འཁུར་འགོ་འཛུགས་གནང་ཡོད་པ་དང་ད་བར་བཙན་བྱོལ་བོད་མིའི་ནང་འོས་བསྡུའི་བྱ་གཞག་ལོ་ངོ་༥༠རིང་གནང་ཡང་ད་བར་དཀའ་ངལ་གང་ཡང་འཕྲད་མེད་ ཡིན་ནའང་འདི་ཚེས་༣ཉིན་བལ་ཡུལ་ནང་བལ་པོའི་ཉེན་རྟོག་པས་རྒྱལ་ས་ཀཐ་མན་གྲུའི་ཁོངས་མཆོད་རྟེན་དང་འཕགས་པ་ཤིང་དཀོན་དུ་བཀའ་བློན་དང་སྤྱི་འཐུས་ཀྱི་འོས་སྒམ་ཁག་བཙན་འཕྲོག་བྱས་པ་དེ་ནི་ཧང་སང་དགོས་པ་དང་དེ་སྔ་བྱུང་མྱོང་མེད་པའི་དམངས་གཙོའི་ལམ་ལུགས་ཐོག་བཙན་རྒོལ་བྱས་པ་དེར་མཐའ་ཅིག་ཏུ་ངོ་རྒོལ་ཡོད་ཅེས་བཙན་བྱོད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ཀྱི་ཕྱག་བྲིས་དེའི་ནང་བཀོད་ཡོད་པ་རེད་
ཡང་ཁོང་གི་ཕྱག་བྲིས་དེའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ནག་ཉེས་གུ་ཡངས་ཚོགས་པའི་ངོས་ནས་གོང་ཞུས་བལ་ཡུལ་གྱི་བོད་མི་རྣམས་ཀྱི་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་སྐབས་༡༥པའི་སྤྱི་འཐུས་ཀྱི་འོས་སྒམ་དེ་དག་ཕྱིར་སློག་ཡོང་རྒྱུར་རོགས་རམ་གནང་སྐྱོང་ཡོང་བའི་འབོད་བསྐུལ་གནང་ཡོད་པ་རེད་