སྤྱི་འཐུས་ལྷན་ཁང་གི་དྲུང་ཡིག་ཆེན་མོ་དགོངས་པ་རྫོགས་པ།

བཙན་བྱོལ་བོད་གཞུང་གི་སྤྱི་འཐུས་ལྷན་ཁང་གི་དྲུང་ཡིག་ཆེན་མོ་བ་ཕུར་བུ་ཚེ་རིང་ལགས་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ།

2010.07.30

༄༅༎སྤྱི་ཟླ་བདུན་པའི་ཚེས་༢༩རེས་གཟའ་ཕུར་བུའི་ཉིན་བཙན་བྱོལ་བོད་གཞུང་གི་སྤྱི་འཐུས་ལྷན་ཁང་གི་དྲུང་ཡིག་ཆེན་མོ་བ་ཕུར་བུ་ཚེ་རིང་ལགས་སྙུང་མནར་གྱིས་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་དང༌། བཙན་བྱོལ་བོད་གཞུང་གི་ལྷན་ཁང་ཁག་ཚོས་གཞུང་འབྲེལ་གྱི་མྱ་ངན་ཞུས་ཡོད་པ་རེད།

དེ་རིང་བཙན་བྱོལ་བོད་གཞུང་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང༌། སྐུ་ཞབས་ཕུར་བུ་ཚེ་རིང་ལགས་རེས་གཟའ་ཕུར་བུའི་ཉིན་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་མ་ཐག་རེས་གཟའ་པ་སངས་ཉིན་གྱི་ཕྱི་ཡོལ་ཚོུད་༢པའི་ཐོག་བཙན་བྱོལ་བོད་གཞུང་གི་ལྟེ་གནས་གངས་ཅན་སྐྱིད་གཤོངས་ཀྱི་ལས་བྱེད་གསོལ་ཐབ་ཀྱི་ཡང་སྟེང་དུ་བཀའ་བློན་དང་སྤྱི་འཐུས་རྣམ་པས་དབུས་པའི་ལས་བྱེད་རྣམས་འདུ་འཛོམས་གནང་སྟེ། ཐོག་མར་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་དམ་པ་དེ་ཉིད་ཀྱི་མི་ཚེའི་ལོ་རྒྱུས་སྒྲོག་སྦྱང་གནང་བ་དང་དེ་རྗེས་ཕྱག་ཚོད་གཅིག་རིང་ལ་དགེ་ཚོགས་ཀྱི་སྨོན་ལམ་གསུང་འདོན་གནང་བ་མ་ཟད། ལྷན་ཁང་ཡོངས་རྫོངས་སྒོ་རྒྱབ་སྟེ་མྱ་ངན་ཞུས་གནང་ཡོད་པ་རེད། སྐུ་ཞབས་ཕུར་བུ་ཚེ་རིང་ལགས་དམ་པ་དེ་ཉིད་ནི་ཕྱི་ལོ་༡༩༥༢ལོར་བོད་གཙང་སྟོད་གཅེན་ལུང་ཟེར་བའི་ནང་ཕ་དབུ་རྒྱན་རང་གྲོལ་ལགས་དང་མ་འཛོམས་པ་ལགས་གཉིས་སུ་འཁྲུངས་ཤིང༌། ༡༩༥༩ལོར་བོད་ལ་དུས་འགྱུར་བྱུང་བའི་རྗེས་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་ཏེ། ཐོག་མར་རྡོ་རྗེ་གླིང་བོད་གཞུང་གཏན་སློབ་དུ་འཛུལ་ཞུགས་ཀྱིས་སློབ་སྦྱོང་མཐར་སོན་པ་དང༌། དེ་རྗེས་ལོ་གཅིག་རིང་རྒྱལ་ས་ལྡི་ལིར་ལས་བྱེད་སྦྱོང་བརྡར་གྱི་སློབ་གྲར་ཞུགས་ཡོད་པ་རེད། སྤྱི་ལོ་༡༩༧༣ལོར་བཙན་བྱོལ་བོད་གཞུང་གཞུང་ཞབས་ནང་འཛུལ་ཞུགས་གནང་སྟེ། ཐོག་མར་བལ་ཡུལ་ཤར་ཁུམ་བུའི་བོད་མི་གནས་སྡོད་གཞིས་ཆགས་ནང་དངུལ་རྩིས་དྲུང་ཆེ་བསྐོ་བཞག་གནང་བ་དང༌། དེ་རྗེས་༡༩༧༨ལོར་རྒྱ་གར་ལྷོ་ཕྱོགས་རྦེ་ལ་ཀུ་པི་བོད་མིའི་གཞིས་ཆགས་ནང་གི་ལུགས་ཟུང་བསམ་གྲུབ་གླིང་མཉམ་འབྲེལ་ལས་ཁང་གི་དྲུང་ཆེ། དེ་ནས་ལྡི་ལི་བོད་གནས་བསྐྱར་ཞིབ་དང༌། རྡ་ས་རྟེན་བཞེངས་བཟོ་གྲ་ རྒྱ་གར་ལྷོ་ཕྱོགས་མོན་གོ་ཊ་བོད་མིའི་རུམ་གདན་བཟོ་གྲྭ་ བོད་གཞུང་བདེ་སྲུང་ལས་ཁུངས། འཕྲོད་བསྟེན་ལས་ཁུངས། དབུས་འོས་བསྡུ་ལས་ཁང་སོགས་ནང་མི་ལོ་༣༥ཙམ་གཞུང་ཞབས་གནང་སྟེ་༢༠༠༨ ལོར་བོད་མི་དམངས་སྤྱི་འཐུས་ལྷན་ཁང་གི་དྲུང་ཡིག་ཆེན་མོའི་ལས་ཁུངས་སུ་གནས་སྤོ་གནང་སྟེ་འདི་ལོ་དངོས་སུ་དྲུང་ཡིག་ཆེན་མོར་བསྐོ་བཞག་གནང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎