ཐའེ་ལྦན་དུ་བོད་ཀྱི་འགྲེམས་སྟོན་ཞིག་དབུ་འཛུགས།
2011.01.03
༄༅༎ཐའེ་ལྦན་ནང་གི་རྒྱ་བོད་མཐུན་ཚོགས་དང་བཙན་བྱོལ་བོད་གཞུང་གི་ཐའེ་ལྦན་སྐུ་ཚབ་དོན་གཅོད་གཉིས་ཟུང་འབྲེལ་གྱི་ཐོག་ནས་ཐའེ་ལྦན་གྱི་རྒྱལ་ཡོངས་ཀྲའོ་ཏུང་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཟླ་བ་ཅིག་རིང་བོད་ཀྱི་འགྲེམས་སྟོན་ཞིག་དེ་རིང་ནས་དབུ་འཛུགས་གནང་བཞག
བོད་ཀྱི་འགྲེམས་སྟོན་དེའི་ཐོག་བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་མཛད་རྣམ་དང་བཙན་བྱོལ་བོད་མིའི་གནས་བབ། བོད་བརྒྱུད་ནང་བསྟན་དང་བོད་ཀྱི་རྒྱལ་རབས་དང་སྒྱུ་རྩལ། དེ་བཞིན་བོད་ནང་གི་འདས་པ་དང་ད་ལྟའི་གནས་སྟངས་བཅས་འགྲེམས་སྟོན་རྣམ་གྲངས་མི་འདྲ་བ་ཁག་མང་པོ་ཞིག་གནང་ཡོད་པའི་ཐོག། བོད་རང་བཙན་ཡིན་པའི་སྐབས་ཀྱི་བོད་པའི་ཤོག་དངུལ་དང་ཀྲམ་ཀ། བོད་པའི་སྦྲག་ཐམ་སོགས་འགྲེམས་སྟོན་གནང་ཡོད་པ་རེད།
གོང་ཞུས་འགྲེམས་སྟོན་དེ་ནི་༢༠༠༩ལོའི་ཕྱི་ཟླ་༧པ་ནས་བཟུང་ཐའེ་ལྦན་གྱི་གྲོང་ཁྱེར་ཆེ་ཁག་ལྔའི་ནང་བོད་ཀྱི་འགྲེམས་སྟོན་རིམ་བཞིན་གནང་བ་ད་རེས་ཐེངས་དྲུག་པ་དེ་ཆགས་ཀྱི་ཡོད་པ་རེད། དེའི་གོང་གི་འགྲེམས་སྟོན་དེ་བཞིན་༢༠༡༠ལོའི་ཕྱི་ཟླ་༩པའི་ཚེས་༢ནས་བཟུང་ཟླ་བ་གསུམ་རིང་ཀའོ་ཞུང་སྒྱུ་རྩལ་འགྲེམས་སྟོན་ཁང་དུ་ཚུགས་གནང་ཡོད་པ་རེད།
ཐའེ་ལྦན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གསལ་བསྒྲགས་ཤིག་སྤེལ་གནང་ཡོད་པའི་ནང༌། ཐའེ་ལྦན་མང་ཚོགས་ལ་བོད་དང་བོད་མིའི་སྐོར་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་རྒྱུའི་དམིགས་ཡུལ་ཐོག་ནས་བོད་ཀྱི་འགྲེམས་སྟོན་དེ་གོ་སྒྲིག་གནང་ཡོད་པ་དང༌། ད་དུང་མུ་མཐུད་ཐའེ་ལྦན་གྱི་གཞི་རིམ་སློབ་གྲྭ་ཁག་དང་གཙུག་ལག་སློབ་གྲྭ་ཆེན་མོ་ཁག་གི་ནང་ཐའེ་ལྦན་གྱི་གཞོན་སྐྱེས་ཚོའི་བོད་སྐོར་གྱི་གོ་རྟོག་འཕེལ་ཐབས་སུ་འགྲེམས་སྟོན་དེའི་རིགས་ཚུགས་ཐུབ་རྒྱུའི་ཐབས་ཤེས་གནང་བཞིན་ཡོད་སྐོར་གསུངས་བཞག། ཐའེ་ལྦན་གྱི་ཤིན་ཅུ་ས་གནས་སུ་ཡོད་པའི་ཐའེ་ལྦན་རྒྱལ་ཡོངས་ཀྲའོ་ཏུང་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་བོད་ཀྱི་འགྲེམས་སྟོན་ཚོགས་གནང་བ་དང་ཆབས་ཅིག་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་སྐོར་རྒྱ་སྐད་ནང་ཕབ་སྒྱུར་ཞུས་པའི་དཔེ་དེབ་༢༠༠ཙམ་ཞིག་ཟླ་བ་གཉིས་རིང་གཙུག་ལག་
སློབ་གྲྭ་ཆེན་མོ་དེའི་ནང་དམིགས་བསལ་འགྲེམས་སྟོན་གནང་ཡོད་པ་རེད།