ཨ་རིའི་ལི་ཧའེ་སློབ་གྲྭས་༸གོང་ས་མཆོག་གི་སྐུ་པར་འགྲེམས་སྟོན།
2008.10.24
༄༅༎ཨ་རིའི་ལི་ཧའེ་གཙུག་ལག་སློབ་གྲྭ་ཆེན་མོས་འདི་ལོའི་ཕྱི་ཟླ་བདུན་པའི་ནང་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཙུག་ལག་སློབ་གྲྭ་ཆེན་མོ་དེའི་ནང་ཞབས་སོར་འཁོད་པའི་དྲན་རྟེན་གྱི་སྐུ་པར་ཞིག་དྲ་རྒྱའི་ཐོག་འགྲེམས་སྟོན་གནང་བཞག
དེ་ཡང་འདི་ལོའི་ཕྱི་ཟླ་བདུན་པའི་ཚེས་བདུན་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་པེན་སིལ་ལྦེ་ནི་ཡ་མངའ་སྡེའི་ནང་ཡོད་པའི་ལི་ཧའེ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཞབས་སོར་འཁོད་དེ་ཉིན་གྲངས་དྲུག་རིང་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བར་མའི་གསུང་ཆོས་གནང་ཡོད་པ་རེད། གཙུག་ལག་སློབ་གྲྭ་དེས་ད་རྒྱའི་ཐོག་སྤེལ་བའི་འགྲེམས་སྟོན་ནང་༸གོང་ས་མཆོག་མཐོ་སློབ་དེའི་ནང་ཕེབས་པའི་སྐུ་པར་ཁག་ཅིག་དང་རྡུལ་མཚོན་གྱི་བཞེངས་པའི་དཀྱིལ་འཁོར་སོགས་ཡོད་འདུག སྐབས་དེ་དུས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕེབས་བསུའི་གྲ་སྒྲིག་ཞུ་མཁན་ཚོགས་ཆུང་གི་ཚོགས་གཙོ་ལོཡིདྲི་སི་ཊི་ཕེན་ཞུ་བས་༸གོང་ས་མཆོག་གི་མཛད་འཆར་རྣམས་གང་ལེགས་བྱུང་ཡོད་པ་དང་དེ་ནི་ལི་ཧའེ་མཐོ་སློབ་ཁང་གི་ལོ་རྒྱུས་ནང་ཧ་ཅང་སྐལ་པ་བཟང་པོ་ཞིག་བྱུང་ཡོད་པ་རེད་ཅེས་གསུང་བཞག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཙུག་ལག་སློབ་གྲྭ་ཆེན་མོ་དེའི་ནང་ཞུགས་རྒྱུན་རིང་མཐོ་སློབ་ཁང་གི་སྤྱི་ཐབ་ནས་བོད་ཟས་ནར་གཏོང་གནང་སྟེ་དགེ་སློབ་ཡོངས་ལ་བོད་ཟས་ལ་དྲོ་བ་མྱོང་རྒྱུའི་གོ་སྐབས་ཡང་བྱུང་ཡོད་པ་དང་དེ་བཞིན་གཙུག་ལག་སློབ་གྲྭ་དེས་དབྱར་དུས་དང་དཔྱིད་ཀའི་སློབ་དུས་སོ་སོར་ནང་ཆོས་དང་༸གོང་ས་མཆོག་གི་སྐུ་ཚེའི་ལོ་རྒྱུས་དེ་བཞིན་བོད་ཀྱི་གནད་དོན་སོགས་ཀྱི་སློབ་འཁྲིད་ཡང་གནང་འདུག་ལ་དེ་སྔ་བོད་དོན་སྐོར་གོ་རྟོགས་མེད་པའི་སློབ་ཕྲུག་མང་པོ་ཞིག་གིས་སློབ་ཚན་དེ་དག་ནང་ཞུགས་ཏེ་ནང་ཆོས་དང་བོད་གནད་སྐོར་ལ་ཧ་ཅང་དོ་སྣང་ཆེན་པོ་གནང་བཞག