ཡོ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་ཐུབ་ཡོད་པ།

2025.01.30
ཡོ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་ཐུབ་ཡོད་པ། ཡོ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་གསོའི་མཛད་སྒོ་སྐབས། ༢༠༢༥།༠༡།༢༩ ཉིན།
CTA

* གནས་ཚུལ་ཁ་སྣོན་བྱས་ཡོད།

ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས་སྔ་ལོའི་འོས་བསྡུ་གནང་གྲུབ་མཚམས་ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་གནང་རྒྱུ་དེ་བཞིན། ཟླ་ ༡ ཚེས་ ༢༩ ཉིན་སླར་གསོ་གནང་ཐུབ་ཡོད་པའི་སྟེང་། ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལི་ཐི་ཝེ་ནི་ཡའི་ཡོ་རོབ་གྲོས་ཚོགས་འཐུས་མི་ཌ་ནི་སེ་ཛ་ལི་མ་སི་ (Zalimas) ལགས་གཙོས་པའི་གྲོས་ཚོགས་འཐུས་མི་གཞན་དྲུག་ཆེད་ཕེབས་གནང་བ་མ་ཟད། གྲོས་ཚོགས་ཀྱི་ལས་བྱེད་དང་རྒྱལ་ཁབ་བཅུ་གཉིས་ཀྱི་སྐུ་ཚབ་ལས་བྱེད་ཆེད་བཅར་གྱིས་མཛད་སྒོ་གནང་བའི་སར། ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཌ་ནི་སེ་ཛ་ལི་མ་སི་ལགས་ནས།“ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་གནང་ཐུབ་པ་ནི། ང་ཚོས་བོད་དོན་ལ་རྒྱབ་སྐྱོར་ཐད་འབད་བརྩོན་བྱེད་བཞིན་པའི་གོམ་སྟབས་གལ་ཆེན་ཞིག་སྤོས་པར་ངོས་འཛིན་ཆོག་པ་དང་། གྲོས་ཚོགས་འཐུས་མི་རྣམས་རྡོག་རྩ་གཅིག་སྒྲིལ་གྱིས་བོད་མིའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་ཆོད་སེམས་བརྟན་པོ་ཡིན་པས། ཡོ་རོབ་གྲོས་ཚོགས་ནང་བོད་ཀྱི་བདེ་སྡུག་སྐོར་གླེང་སློང་གནང་ཐག་ཆོད་ཡིན་”ཞེས་གསུངས་ཡོད་པ་རེད།

6-2-e1738217417295-1024x493.jpg
ཡོ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་གསོའི་མཛད་སྒོ་སྐབས། ༢༠༢༥།༠༡།༢༩ ཉིན།

དེ་འབྲེལ་སྦར་སིལ་སྐུ་ཚབ་དོན་གཅོད་དགེ་ཁང་རིག་འཛིན་ཆོས་སྒྲོན་ལགས་ནས། ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་གྲོས་ཚོགས་འཐུས་མི་སུམ་ཅུ་ཡས་མས་ཤིག་ཡོད་པ་དང་། ༡༩༨༨ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་གྲོས་ཚོགས་སུ་ཆིབས་བསྒྱུར་བསྐྱངས་ཏེ། ཕྱི་ལོ་ ༡༩༨༩ ལོ་ནས་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ཐུབ་ཡོད་ནའང་། ལོ་ལྔ་རེའི་མཚམས་སུ་གྲོས་ཚོགས་འཐུས་མི་རྣམས་འཕོ་འགྱུར་འགྲོ་བ་དང་བསྟུན། ཐེངས་འདིར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་གནང་དགོས་ཐུག་གི་ཡོད་པ་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

ཁོང་གིས་མུ་མཐུད། ཡོ་རོབ་གྲོས་ཚོགས་ནི་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་ནའང་། དེང་སང་རྒྱལ་སྤྱིའི་ཁྲོད་ཆབ་སྲིད་ཀྱི་འཕོ་འགྱུར་སྣ་ཚོགས་འགྲོ་བཞིན་པའི་རྐྱེན་གྱིས། ཡོ་རོབ་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་མུ་མཐུད་རྒྱུན་གནས་ཡོང་ཐབས་སུ། ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ཧ་ཅང་གལ་འགངས་ཅན་ཞིག་ཆགས་ཡོད་པ་འགྲེལ་བརྗོད་གནང་གི་འདུག

ཡང་དེའི་ཐད་ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བཀྲས་མཐོང་དབང་པོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ད་རེས་ཡོ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་གནང་ཐུབ་པ་བྱུང་བར་དགའ་བོ་བྱུང་། དེ་ནི་བོད་ཀྱི་རྩ་དོན་ལ་མུ་མཐུད་ནས་རྒྱབ་སྐྱོར་བྱེད་བཞིན་པའི་གལ་ཆེའི་གོམ་སྟབས་ཞིག་ཡིན་པ་དང་། འདི་ནི་སྐུ་ཚབ་དོན་གཅོད་ཁག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་མང་པོ་ཞིག་གི་མཉམ་ལས་འབད་བརྩོན་བྱས་བའི་གྲུབ་འབྲས་ཡིན། ཚོགས་པའི་མིང་ལ་བོད་དང་མཛའ་འབྲེལ་ཚོགས་པ་ཞེས་བཏགས་ཡོད་པ་དང་ཚོགས་པ་དེ་བརྒྱུད་བོད་མིའི་འཐབ་རྩོད་དང་རང་དབང་། བོད་མིའི་འབོད་སྒྲ་ཡོ་རོབ་གྲོས་ཚོགས་ནང་གོ་ཐུབ་པའི་ཆེད་དུ་ཡིན་པས་ན། ཡོ་རོབ་གྲོས་ཚོགས་ནང་བོད་དོན་ཐད་སྔར་བས་རྒྱབ་སྐྱོར་དང་ནུས་པ་ཆེ་བ་ཐོབ་རྒྱུ་ཡིན་པར་རེ་བ་དང་ཡིད་ཆེས་བྱེད་བཞིན་པ་གསུངས་བྱུང་།

ཡོ་རོབ་གྲོས་ཚོགས་སུ་ཕྱི་ལོ་ ༡༩༨༨ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གྱིས། བོད་དོན་གྲོས་མོལ་གྱི་ལམ་ནས་སེལ་ཐབས་གཉིས་སྨན་དབུ་མའི་ལམ་དང་འབྲེལ་བའི་ལོ་རྒྱུས་རང་བཞིན་ལྡན་པའི་བོད་རྒྱ་ཞི་མོལ་གྱི་གྲོས་འཆར་གསལ་བསྒྲགས་བསྐྱངས་ཡོད་པ་དེར། ཡོངས་གྲགས་སི་ཏྲས་སི་བྷག་ (Strasbourg) གྲོས་འཆར་ཞེས་འབོད་ཀྱི་ཡོད་པ་རེད། ཕྱིས་སུའང་ཕྱི་ལོ་ ༢༠༡༦ ལོར་ཡོ་རོབ་གྲོས་ཚོགས་སུ་ཆིབས་བསྒྱུར་བསྐྱངས་ཏེ་མགོན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་གསུམ་གྱི་སྐོར་ལ་བཀའ་སློབ་ཕེབས་ཡོད་པ་རེད།

གསར་འགོད་པ། བློ་བྷེ། གཡུ་སྒྲོན།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎