བོད་ལ་ཚད་མཐོའི་རང་སྐྱོང་སྤྲོད་དགོས།
2009.03.13
༄༅༎རེས་གཟའ་ཕུར་བུའི་ཉིན་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཚོས་བོད་ལ་ཚད་མཐོའི་རང་སྐྱོང་གི་གནས་འབབ་སྤྲོད་རྒྱུར་༸གོང་ས་མཆོག་གི་སྐུ་ཚབ་ལྷན་དུ་བསྐྱར་དུ་གྲོས་མོལ་སྒོ་མོ་འབྱེད་དགོས་པའི་སྐོར་རྒྱ་ནག་གཞུང་ལ་ཛ་དྲག་གི་འབོད་སྐུལ་གནང་ཡོད་པ་རེད་ཅེས་ཕེ་རན་སི་གསར་འགྱུར་ལས་ཁང་ཞིག་གིས་གནས་ཚུལ་སྤེལ་ཡོད་པ་དེ་རིང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་དེ་ལུང་འདྲེན་གནང་ཡོད་པ་རེད།
དེ་སྔ་༡༩༥༩ལོར་རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་ཏེ་ད་བར་མི་ལོ་ལྔ་བཅུ་འཁོར་བའི་དྲན་གསོ་དུས་དྲན་སྲུང་བརྩི་ཞུ་བའི་ཆེད་དུ་ཡོ་རོབ་གྲོས་ཚོགས་ཀྱིས་རེ་གཟའ་ཕུར་བུའི་ཉིན་བོད་དོན་ཐོག་གྲོས་མཆོད་ཞིག་བཞག་གནང་བའི་ནང་ན་ནིང་ཕྱི་ཟླ་བཅུ་གཅིག་པའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གི་དཔོན་རིགས་བར་གྱི་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྣམ་གཉིས་ཀྱིས་བོད་མི་དམངས་ལ་ཚད་མཐོའི་རང་སྐྱོང་གི་གནས་འབབ་སྐོར་གྱི་བསམ་འཆར་གྱི་ཡི་གེ་ཕུལ་བ་དེའི་ཐོག་ལ་བསྐྱར་ཏུ་བསམ་ཞིབ་བྱ་དགོས་ཞེས་དང་རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ལྷན་དུ་དོན་ཕན་ལྡན་པའི་གྲོས་མོལ་སྒོ་མོ་ཕྱེ་དགོས་པའི་ཛ་དྲག་གི་འབོད་སྐུལ་གནང་ཡོད་པ་རེད། ཡོ་རོབ་གྲོས་ཚོགས་ཀྱི་ལྷན་ཚོགས་དེ་བཞིན་ཕེ་རན་སིའི་གྲོང་ཁྱེར་སི་ཀྲའར་སི་སྦག་ནང་སྐོང་ཚོགས་གནང་བ་དང་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་ཚོགས་མི་རྒྱལ་ཁབ་ཉི་ཤུ་རྩ་བདུན་ཡིས་བོད་ལ་ཚད་མཐོའི་རང་སྐྱོང་གི་གནས་འབབ་སྤྲོད་རྒྱུར་རྒྱ་ནག་གཞུང་གིས་གྲོས་མོལ་འགོ་བཙུགས་བྱ་དགོས་པ་དང་ན་ནིང་བོད་ནང་ཞི་བའི་རྔམ་སྟོན་ངོ་རྒོལ་བྱས་པའི་སྐབས་འཛིན་བཟུང་བྱས་པའི་ཆབ་སྲིད་བཙོན་པ་རྣམས་གློད་བགྲོལ་གཏོང་དགོས་པ།ཕྱི་རྒྱལ་གྱི་གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་ཐོག་ལྟ་རྟོགས་གནང་མཁན་རྣམས་རང་དབང་གིས་བོད་དུ་བསྐྱོད་ཆོག་པའི་ཐོབ་ཐང་སྤྲོད་དགོས་པའི་འབོད་སྐུལ་གནང་བ་ཡིན་ཞིང་བོད་དོན་ཐད་ལ་བཞག་པའི་གྲོས་མཆོད་དེར་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་༣༣༨ཀྱིས་རྒྱབ་སྐྱོར་གྱི་འོས་ཤོག་ཏེ་བོད་དོན་གྱི་གྲོས་མཆོད་དེར་འཐུས་མི་གྲངས་འབོར་མང་བའི་རྒྱབ་སྐྱོར་ཐོབ་ཡོད་པ་རེད།