ཡོ་རོབ་སྤྱི་མཐུན་གྱིས་བོད་ནང་གཟིགས་སྐོར་གནང་བཞིན་འདུག
2017.06.26
ཡོ་རོབ་སྤྱི་མཐུན་གྱི་སྐུ་ཚབ་འཐུས་མི་ཁག་ཅིག་གིས་བོད་ནང་གཞུང་འབྲེལ་འཚམས་འདྲིའི་གཟིགས་སྐོར་གནང་བཞིན་འདུག
དེ་ཡང་ཡོ་རོབ་སྤྱི་མཐུན་གྱིས་གསར་འགོད་གསལ་བསྒྲགས་སྤེལ་བར་གཞིགས་ན། རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་མངའ་ཁུལ་གྱི་འབྲེལ་ཡོད་ལྷན་ཁང་ནས་གདན་ཞུ་གནང་བ་བཞིན། ཡོ་རོབ་སྤྱི་མཐུན་གྱི་རྒྱ་ནག་ལ་རྟེན་གཞི་བྱེད་པའི་སྐུ་ཚབ་སྐུ་ཞབས་(Hans Dietmar Schweisgut)མཆོག་གིས་དབུ་ཁྲིད་པའི་ཡོ་རོབ་སྤྱི་མཐུན་ཁོངས་ཀྱི་རྒྱལ་ཁབ་ཁག་ཅིག་གི་སྐུ་ཚབ་འཐུས་མི་ཁག་ཅིག་གིས་ཕྱི་ཚེས་༢༦་ནས་ཚེས་༣༠་ཉིན་གྲངས་ལྔའི་རིང་རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་མངའ་ཁུལ་དུ་གཞུང་འབྲེལ་འཚམས་འདྲིའི་གཟིགས་སྐོར་གནང་འགོ་ཚུགས་ཡོད་པ་རེད། ཉིན་ལྔའི་རིང་གི་འཚམས་འདྲིའི་གཟིགས་སྐོར་གྱི་བརྒྱུད་རིམ་ནང་ཡོ་རོབ་སྤྱི་མཐུན་ཁོངས་གཏོགས་ཀྱི་སྐུ་ཚབ་རྣམ་པས་བོད་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་རྣམ་པ་དང་མཇལ་འཕྲད་གནང་སྟེ་བོད་ནང་གི་ཤེས་ཡོན་དང་། འཕྲོད་བསྟེན། ཁྱིམ་ཚང་གི་འཆར་བཀོད་ལས་དོན། དེ་བཞིན་འཛུགས་སྐྲུན་ཡར་རྒྱས་དང་། གྲངས་ཉུང་མི་རིགས་ཀྱི་གནད་དོན་ལ་སོགས་པའི་གནད་དོན་མང་པོའི་ཐོག་གྲོས་མོལ་གནང་རྒྱུ་ཡིན་པ་རེད། དེ་ག་ནང་བཞིན་ཁོང་རྣམ་ཚོ་ཕན་ཚུལ་མཇལ་འཕྲད་ཀྱི་བརྒྱུད་རིམ་ནང་ཡོ་རོབ་སྤྱི་མཐུན་གྱི་ཚོགས་གཙོས་བོད་རང་སྐྱོང་ལྗོངས་མངའ་ཁུལ་གྱི་དཔལ་འབྱོར་དང་། སྤྱི་ཚོགས་འཛུགས་སྐྲུན་ཡར་རྒྱས། དེ་བཞིན་ཆོས་དང་། རིག་གཞུང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ཏུའང་བཀའ་གྲོས་གནང་རྒྱུ་ཡིན་པ་མ་ཟད། ཁོང་རྣམ་པས་བོད་ནང་གི་ཤེས་ཡོན་དང། རིག་གཞུང་། ཆོས་དོན་ལྟེ་གནས་ཁང་བཅས་པར་འཚམས་འདྲིའི་གཟིགས་སྐོར་གནང་རྒྱུ་ཡིན་པ་རེད་འདུག
ཡོ་རོབ་སྤྱི་མཐུན་གྱིས་བོད་རང་སྐྱོང་ལྗོངས་མངའ་ཁུལ་དུ་གཞུང་འབྲེལ་འཚམས་འདྲི་གཟིགས་སྐོར་ཐོག་མ་དེ་སྤྱི་ལོ་༢༠༡༣་ལོར་གནང་ཡོད་ཅིང་། ད་རེས་གཞུང་འབྲེལ་གཟིགས་སྐོར་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོིད་པ་རེད།
གསར་འགོད་པ་དབྱངས་སྒྲོལ།