ཨ་མི་རི་ཀའི་གཞུང་གིས་ཐའེ་ལྦན་ལ་འཛིན་པའི་སྲིད་ཇུས་སྐོར།
2008.12.04
༄༅༎ཨ་མི་རི་ཀའི་སྲིད་འཛིན་དུ་འོས་འདེམས་བྱུང་བ་སྐུ་ཞབས་སྦ་རཀ་ཨོ་སྦ་མ་མཆོག་ནས་ཐའེ་ལྦན་ཐོག་འཛིན་པའི་ཨ་མི་རི་ཀའི་སྲིད་བྱུས་ལ་འགྱུར་བ་དེ་ཙམ་གཏོང་བཟོ་མེད་པའི་སྐོར་ཨ་མི་རི་ཀའི་ཐའེ་ལྦན་སྐུ་ཚབ་ནས་ཚོད་དཔག་གནང་གི་ཡོད་པའི་སྐོར་གནས་ཚུལ་ཐོན་འདུག
དེ་ཡང་ཐའེ་ལྦན་རྒྱལ་ས་ཐའེ་པེ་དུ་རྟེན་གཞི་བྱས་པའི་ཨ་མི་རི་ཀའི་གཞུང་འབྲེལ་ལྟེ་གནས་ཀྱི་འགན་འཛིན་སི་ཊི་ཕེན་ཡང་ཞུ་བས་ཁ་ས་ཐའེ་ལྦན་ནང་རྟེན་གཞི་བྱས་པའི་ཨ་མི་རི་ཀའི་ཚོང་དོན་ལྷན་ཁང་ནང་ཨ་རིའི་གཞུང་སྲིད་འཕོ་འགྱུར་དང་ཐའེ་ལྦན་གྱི་གནས་བབ་ཐོག་གསུང་བཤད་གནང་ཡོད་པ་རེད། སྐུ་ཞབས་སི་ཊི་ཕེན་ཡང་གིས་ཨ་རིའི་ནང་གཞུང་སྲིད་འཕོ་འགྱུར་ལ་མི་ལྟོས་པར་ད་ཕན་ཐའེ་ལྦན་ཐོག་ཨ་མི་རི་ཀའི་གཅིག་གྱུར་གྱི་སྲིད་བྱུས་བཟུང་ཡོད་པ་དང་དེ་ལྟར་མུ་མཐུད་གནས་རྒྱུ་གལ་འགངས་ཤིན་ཏུ་ཆེ་བའི་སྐོར་ནན་བརྗོད་གནང་འདུག ཁོང་གིས་གསུང་ན་ཨ་རི་དང་ཐའེ་ལྦན་གཉིས་དབར་རྒྱུན་རིང་ཆབ་སྲིད་དང་དཔལ་འབྱོར་གཉིས་ཐད་ནས་འབྲེལ་ལམ་ས་བརྟན་གནས་ཐུབ་པ་དེ་ཨ་རི་གཞུང་གིས་ཐའེ་ལྦན་ཐོག་འགྱུར་བ་མེད་པའི་སྲིད་བྱུས་ལ་བརྟེན་ནས་ཡིན་པ་དང་སྲིད་འཛིན་འོས་འདེམས་སྐུ་ཞབས་སྦ་རཀ་ཨོ་སྦ་མའི་གཞུང་གསར་པའི་ཐོག་ནས་ཀྱང་དེ་སྔ་སྲིད་བྱུས་ལ་མུ་མཐུད་ལག་བསྟར་གནང་རྒྱུའི་ཡིད་ཆེས་ཡོད་ཅེས་སྔོན་དཔག་གནང་འདུག