ཚན་རིག་པ་ཁག་རི་བོ་ཇོ་མོ་གླང་མའི་རི་མཚམས་སུ་བསྐྱོད་པ།

ས་མཐོའི་གནམ་བཤིས་དང་ས་འབབ་ཀྱིས་མིའི་ལུས་ཁམས་ལ་ཤུགས་རྐྱེན་ག་རེ་ཐེབས་ཀྱི་ཡོད་མེད་ཉམས་ཞིབ་གནང་ཐབས།

 ༄༅༎ས་མཐོའི་གནམ་བཤིས་དང་ས་འབབ་ཀྱིས་མིའི་ལུས་ཁམས་ལ་ཤུགས་རྐྱེན་ག་རེ་ཐེབས་ཀྱི་ཡོད་མེད་ཉམས་ཞིབ་གནང་རྒྱུའི་ཆེད། ཨ་རིའི་ཚན་རིག་པ་དང་ཉམས་ཞིབ་པའི་རུ་ཁག་ཅིག་རི་བོ་ཇོ་མོ་གླང་མའི་རི་མཚམས་སུ་བསྐྱོད་ཀྱི་ཡོད་འདུག 
དེ་ཡང་ཉམས་ཞིབ་པ་དེ་དག ཨ་རིའི་མངའ་སྡེ་མི་ནི་སོ་ཊའི་ནང་རྟེན་གཞི་བྱས་པའི་མེ་ཡོའོ་སྨན་ཁང་ནས་ཡིན་པ་དང༌། ཁོང་རྣམས་ཉེ་ལམ་བལ་ཡུལ་རྒྱལ་ས་ཀཐ་མན་གྲུ་ནས་མཁའ་ལམ་རྒྱུད་ ཤར་ཁུམ་བུའི་ས་གནས་ལུཀ་ལ་ཆེས་པར་འབྱོར་ཟིན་ཏེ། ས་གནས་དེ་ནས་བདུན་ཕྲག་གཅིག་ཙམ་རིང་གོམ་བགྲོད་བྱས་པའི་རྗེས། རི་བོ་ཇོ་་མོ་གླང་མའི་རི་མཚམས་སུ་འབྱོར་རྒྱུ་ཡིན་ཞིང་། དེར་ཉམས་ཞིབ་ལྟེ་གནས་ཤིག་གསར་འཛུགས་ཀྱིས་ ས་མཐོའི་གནམ་བཤིས་དང་ས་འབབ་ཀྱིས་མིའི་གཟུགས་ཁམས་སྤྱི་དང༌། ལྷག་པར་དུ་སྙིང་དང༌། གློ་བ། ཤ་གནད་བཅས་པར་ཤུགས་རྐྱེན་ག་རེ་ཐེབས་ཀྱི་ཡོད་མེད་དང༌། དེ་བཞིན་གཉིད་ཁུག་རྒྱུར་ཁྱད་པར་ག་རེ་བཟོ་གི་ཡོད་མེད་སོགས་ཀྱི་ཉམས་ཞིབ་གནང་རྒྱུ་ཡིན་པའི་སྐོར། ཞིབ་འཇུག་རུ་ཁག་དེ་ཡི་འགོ་འཁྲིད་སློབ་དཔོན་སྦུ་རུསི་ཇོན་སེན་གྱིས་གསར་འགྱུར་རྒྱུད་ལམ་ཁག་ལ་འགྲེལ་བརྗོད་གནང་འདུག
གནས་ཚུལ་ནང་འཁོད་གསལ་ལ། ད་ལམ་རི་བོ་བྱ་མོ་གླང་མའི་ཉེ་འདབས་སུ་བསྐྱོད་མཁན་དེ་དག་ནི། སྙིང་གི་ན་ཚའི་སྐོར་ཉམས་ཞིབ་གནང་མཁན་ཡིན་པ་དང༌། ཁོང་རྣམ་པས་རི་བོ་བྱ་མོ་གླང་མའི་རི་མཚམས་སུ་འདི་ལོའི་ཕྱི་ཟླ་ ༥ པའི་ཟླ་དཀྱིལ་ཙམ་བར་གནས་སྡོད་ཀྱིས།  ས་གནས་དེའི་ཁོར་ཡུག་གནས་འབབ་ཀྱིས། དེང་སྐབས་རི་འཛེགས་བྱེད་བཞིན་པའི་མི་སྣ་ཁག་ཅིག་གི་གཟུགས་ཁམས་ལ་ཤུགས་རྐྱེན་ཇི་འདྲ་ཐེབས་ཀྱི་ཡོད་མེད་ཀྱིས་ཞིབ་འཇུག་གནང་རྒྱུ་ཡིན་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org