རྒྱ་ནག་གཞུང་གིས་བོད་མི་ཚོ་ལས་ཞུགས་བྱེད་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཁ་བྲལ་ལ་ངོ་རྒོལ་དགོས་པ་ཆ་རྐྱེན་གཙོ་བོར་བཏོན་འདུག
ཕྱི་ཟླ་༦ནང་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་དང་། ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གཉིས་ནས། ཕྱི་ལོ་༢༠༢༣ལོའི་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་བརྡ་ཁྱབ་དང་གོ་འཇོ་རྫོང་བོད་སྨན་ཁང་གཉིས་ཀྱི་ལས་ཞུགས་བརྡ་ཐོ་བཏང་བའི་ནང་། ལས་ཞུགས་ཐོ་འགོད་ཀྱི་བརྡ་ཐོའི་ཆ་རྐྱེན་དང་པོར་མཐོ་རིམ་སློབ་གྲྭ་ཐོན་མཁན་རྣམས་ཀྱིས་གཞུང་དང་སྤྱི་ཚོགས་ནང་ལས་ཞུགས་བྱེད་པར་ངེས་པར་དུ་ཁ་བྲལ་ལ་ངོ་རྒོལ་དང་། ཏ་ལའི་བླ་མར་སྐྱོད་བརྗོད་བྱས་ཏེ་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དགོས་པའི་ཆ་རྐྱེན་བཏོན་ཡོད་པ་དང་། འབྲེལ་ཡོད་བོད་མི་ཞིག་ནས་ཕྱི་ལོ་༢༠༡༣ཙམ་ནས་བོད་རང་སྐྱོང་ལྫོངས་ཡོངས་སུ་ལས་ཞུགས་བྱེད་པར་ཆ་རྐྱེན་དེ་ཁས་ལེན་དགོས་པ་བཟོས་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་གཞུང་གིས་དེ་སྔ་ནས་བོད་མི་ཚོས་གཞུང་ཞབས་ལས་ཞུགས་པར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་མི་ཚོར་འབྲེལ་བ་མེད་པ་དང་ངོ་རྒོལ་བྱ་དགོས་པ་ཆ་རྐྱེན་གཙོ་བོར་འཇོག་བཞིན་ཡོད་པ་རེད་ལ། ཐེངས་འདིར་གོ་འཇོ་རྫོང་གི་སྨན་ཁང་དུ་ལས་ཞུགས་བརྡ་ཐོ་ཕྱི་ཚེས་༡༤་ཉིན་བཏང་བའི་ནང་། ཐོ་འགོད་བྱེད་པའི་ཆ་རྐྱེན་དོན་ཚན་༨་བཏོན་ཡོད་པ་ལས། ཁ་བྲལ་ལ་འབྲེལ་བ་མེད་པ་དང་རྒྱ་ནག་གི་ཁྲིམས་དང་འགལ་བའི་ནག་ཉེས་ཡོད་མཁན་རིགས་མིན་པ་ཞིག་དགོས་པ་དང་། གལ་ཏེ་གོང་གི་དོན་ཚན་ཁག་དང་འགལ་བའི་མི་སྣ་ཚོས་ཐོ་འགོད་བྱས་མི་ཆོག་པ་སོགས་བརྗོད་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ནས། ༧གོང་ས་མཆོག་ལ་ངོ་རྒོལ་བྱ་དགོས་པར་སྐུལ་བ་དེ་དམིགས་བསལ་བོད་པ་ཚོར་དམིགས་པ་ཞིག་ཡིན་སྟབས། བོད་པ་ཚོར་ཁ་བྲལ་ལ་ངོ་རྒོལ་དགོས་པའི་ཆ་རྐྱེན་འདོན་བཞིན་པ་དེ་མི་རིགས་དབྱེ་འབྱེད་ཀྱི་ལས་ཀ་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཡང་ལྷོ་ཁ་གྲོང་ཁྱེར་གྱིས་ཕྱི་ཚེས་༩ཉིན་བཏང་བའི་བརྡ་ཁྱབ་ནང་གཞུང་ཞབས་ལས་བྱེད་ཡིག་རྒྱུགས་ནང་ཞུགས་མཁན་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་ཞུ་དགོས་བ་དང་། བསམ་བློ་དང་ཆབ་སྲིད་ལངས་ཕྱོགས་ཞི་ཅིང་ཕིང་སྲོག་ཤིང་འོག་རྒྱ་ནག་དབུས་གཞུང་དང་གཅིག་མཚུངས་ཀྱིས་གཞི་རྩའི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་འཛིན་དགོས་པ་སོགས་ཀྱི་ཆ་རྐྱེན་བཏོན་ཡོད་འདུག་ལ། ཟླ་བ་ཚེ་རིང་ལགས་ནས་རྒྱ་ནག་དམར་ཤོག་ཚོགས་པའི་རྩ་ཁྲིམས་ནང་རྒྱ་ནག་གི་མི་སེར་ཡིན་པ་ནས། ལས་ཞུགས་བྱེད་པར་རྒྱ་ནག་གཞུང་གི་མགོ་ཁྲིད་ལ་བརྩི་བཀུར་དགོས་པ་སོགས་བཀོད་མེད་པས། གནད་དོན་དེ་རིགས་རྒྱ་ནག་གི་རྩ་ཁྲིམས་དང་རྩ་ནས་འགལ་ཡོད་པར་ངོས་འཛིན་བྱེད་བཞིན་འདུག
རྒྱ་ནག་གཞུང་གིས་ལྷོ་ཁ་གྲོང་ཁྱེར་གྱི་ལས་ཞུགས་བརྡ་ཐོའི་ནང་མི་གྲངས་༣༠༩ཡི་ས་མིག་ཁྱབ་བསྒྲགས་བྱས་ཡོད་པ་དང་། ལས་ཞུགས་ཐོ་འགོད་བྱེད་མཁན་ཚོས་སློབ་ཆེན་མཐར་ཕྱིན་པའི་ལག་འཁྱེར་སྤྲོད་དགོས་པ་དང་། དེ་བཞིན་བོད་ནང་མི་རབས་གཉིས་གཏན་སྡོད་བྱས་མྱོང་མཁན་རྒྱ་རིགས་ཚོས་ཐོ་འགོད་བྱས་ཆོག་སྐོར་བཀོད་ཡོད་པ་དང་། ཡང་གོ་འཇོ་རྫོང་བོད་སྨན་ཁང་དུ་ས་མིག་བཞི་ཡོད་པ་ལས། སྨན་ཞབས་པ་དང་གློག་དཔར་མཁན་གཉིས་དང་རྩིས་པ་སོགས་ཡིན་པ་བཀོད་ཡོད་པ་དང་། སྤྱིར་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༡་ལོའི་སློབ་ཆེན་སློབ་ཐོན་པ་ཚོ་གཞུང་ཞབས་ལས་བྱེད་དུ་ཡིག་རྒྱུགས་གཏོང་ཕྱོགས་ཀྱི་བརྡ་ཐོ་དོན་ཚན་ཆེ་ཁག་བཅུ་བཏང་བའི་ནང་། ཁ་བྲལ་ལ་ངོ་རྒོལ་དང་རྒྱ་ནག་གཞུང་གི་ཆབ་སྲིད་ལངས་ཕྱོགས་བརྩི་སྲུང་དགོས་པའི་ཆ་རྐྱེན་བཏོན་ཡོད་པ་རེད་ལ། དེ་བཞིན་ཕྱི་ལོ་༢༠༢༢ལོར་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་ལྷ་སར་བརྟན་བརླིང་ཡོང་བར་ལས་འགན་ཨང་དང་པོ་ཁ་བྲལ་ལ་ངོ་རྒོལ་དགོས་སྐོར་དང་འབྲེལ་དམ་དྲག་དང་ཞིབ་བཤེར་ཤུགས་ཆེར་བྱས་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།