ཡར་རྒྱས་འགྲོ་བཞིན་པའི་སྟོབས་ཆེན་རྒྱལ་ཁབ་བཞིའི་ལྷན་ཚོགས།
2009.06.14
༄༅༎རྒྱ་དཀར་ནག་དང་ཨུ་རུ་སུ་སྦེ་རེ་ཛིལ་བཅས་ཡུལ་གྲུ་ཆེ་ཁག་བཞི་ཡི་དབུ་ཁྲིད་རྣམས་རེས་གཟའ་མིག་དམར་ཉིན་ཨུ་རུ་སུ་རུ་ལྷན་ཚོགས་ཤིག་གནང་སྟེ་དེང་གི་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་རྙོག་སྐོར་གྲོས་བསྡུར་གནང་རྒྱུ་ཡིན་པ་རེད།
ཡར་རྒྱས་འགྲོ་བཞིན་པའི་སྟོབས་ཆེན་རྒྱལ་ཁབ་བཞིའི་དབུ་ཁྲིད་རྣམས་ཀྱིས་གྲོས་གཞི་གཙོ་བོ་ནི་དཔལ་འབྱོར་དང་ནུས་ཤུགས།བཟའ་བཅའ།སྲུང་སྐྱོབ་བཅས་ཡིན་པ་རེད། ཡང་རྒྱ་ནག་གི་ཨ་རིའི་འགྲོ་རྒྱུག་དངུལ་ཌོ་ལར་དེ་བཞིན་རྒྱལ་སྤྱིའི་འགྲོ་རྒྱུག་དངུལ་ལྟ་བུར་འགྱུར་ཡོད་ཀྱང་ད་ཆ་བསྒྱུར་བ་གཏོང་དགོས་པའི་བསམ་འཆར་སྔ་རྗེས་བཤད་ཡོད་ཀྱང་ཨུ་རུ་སུ་ཕྱོགས་ནས་དེ་ལྟའི་བསམ་འཆར་བཏོན་རྩིས་མེད་ལུགས་གསལ་བསྒྲགས་གནང་འདུག འོན་ཀྱང་ཉེ་ལམ་རྒྱལ་སྤྱིའི་དངུལ་ཁང་གིས་རྒྱལ་སྤྱིའི་ནང་མ་ཨ་རིའི་ཌོ་ལར་ཁྲག་ཁྲིག་ཆེ་མོ་གཅིག་དང་ཚེག་གཅིག་ཙམ་གྱི་མ་གནས་གན་ཡིག་ཕྱིར་བཙོང་བྱ་རྒྱུའི་ཐག་གཅོད་གནང་ཡོད་པ་ལྟར་རྒྱ་ནག་གཞུང་གིས་ཨ་རིའི་ཌོ་ལར་ཐེར་འབུམ་ལྔ་བཅུའི་མ་གནས་ཀྱི་གན་ཡིག་ཉོ་གཏན་འཁེལ་ཡོད་པ་དང་ཕྱོགས་མཚུངས་ཨུ་རུ་སུ་དང་སྦེ་རེ་ཛིལ་སོ་སོས་ཨ་རིའི་ཌོ་ལར་ཐེར་འབུམ་བཅུ་ཙམ་གྱི་མ་གནས་གན་ཡིག་ཉོ་འཆར་ཡོད་པ་རེད། རྒྱ་གར་གཞུང་གིས་གན་ཡིག་ཉོ་ངེས་ཡིན་ཡང་དངུལ་འབོར་ཕྱིར་བསྒྲགས་ད་བར་གནང་མེད་པ་རེད། རྒྱ་དཀར་ནག་གཉིས་ཀྱིས་གཙོས་པའི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བཞིའི་ལྷན་ཚོགས་དེ་ལོ་རེ་བསྟར་ཆགས་སུ་གནང་རྒྱུའི་ཆེད་ལས་ཁུངས་ཟུར་བཙུགས་གནང་མིན་ཐད་ད་ལྟའི་ཆར་གསལ་ཆ་གང་ཡང་མིན་འདུག གང་ལྟར་ཆེས་མཐོའི་ལྷན་ཚོགས་འདིའི་ནང་གོང་ཞུས་རྒྱལ་ཁབ་བཞིའི་དབུ་ཁྲིད་མཐོ་ཤོས་སྲིད་འཛིན་ནམ་ཡང་ན་སྲིད་བློན་སུ་ཡིན་ངོ་ཕེབས་གནང་གི་ཡོད་པ་རེད། ཡང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཁག་བཞིའི་ལྷན་ཚོགས་ཀྱི་སྔ་རོལ་དུ་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་དང་ཨུ་རུ་སུ་བཅས་ཧྲང་ཧད་མཉམ་སྦྲེལ་སྒྲིག་འཛུགས་ཞེས་པའི་ཚོགས་མི་རྒྱལ་ཁབ་ལྔའི་དབུ་ཁྲིད་རྣམས་ལྷན་ཚོགས་གནང་ཡོད་པ་རེད༎