རྡ་རམ་སཱ་ལར་སེམས་གུ་ཡངས་ཞེས་པའི་གློག་བརྙན་དུས་སྟོན་གོ་སྒྲིག
2015.10.29
རྡ་རམ་སཱ་ལར་སེམས་གུ་ཡངས་ཞེས་པའི་གློག་བརྙན་དུས་སྟོན་དབུ་ཚུགས་གནང་པ་དང་ སེམས་གུ་ཡངས་ཀྱི་བྱ་དགའ་ཡང་འབུལ་རྒྱུ་ཡིན་པ།
དེ་ཡང་སྤྱི་ལོ་༡༠༡༥ལོའི་སེམས་གུ་ཡངས་ཞེས་པའི་གློག་བརྙན་དུས་སྟོན་དེ་དེ་རིང་ཚེས༢༩ཉིན་བཞུགས་སྒར་རྡ་རམ་ས་ལར་དབུ་བཙུགས་གནང་ཡོད་པ་མ་ཟད། འདི་ལོའི་སེམས་གུ་ཡངས་ཀྱི་བྱ་དགའ་དེ་བཞུགས་སྒར་རྡ་རམ་ས་ལར་ལོ་ངོ་ཉི་ཤུ་ལྷག་རིང་བཞུགས་མྱོང་མཁན། ཕྱི་རྒྱལ་མི་རིགས་ཡིན་པ་ལྕམ་གྷ་ཛ་ལ་ཨབ་རྡུ་ལ་ཞུ་བས་ལྗོན་ཤིང་སྲུང་སྐྱོབ་ཀྱི་ཐོག་ལ་ཐུགས་འཁུར་དང་སེམས་འཁུར་གནང་བའི་བྱས་རྗེས་ལ་འབུལ་རྒྱུ་ཡིན་པ་རེད།
བཞུགས་སྒར་རྡ་རམ་ས་ལར་ལོ་ལྟར་བཞིན་བོད་ཀྱི་གློག་བརྙན་དུས་སྟོན་མི་འདྲ་བ་ཚོགས་ཀྱི་ཡོད་པ་ལྟར་དེའི་ནང་ནས་སེམས་གུ་ཡངས་ཀྱི་གློག་བརྙན་དུས་སྟོན་ཞེས་པ་དེ་ནི། བཞུགས་སྒར་རྡ་རམ་ས་ལའི་ས་གནས་གྲོས་ཚོགས་ཀྱི་ཚོགས་ཁང་དུ་ཕྱི་ཟླ་བཅུ་པའི་ཚེས་༢༩ རེས་གཟའ་ཕུར་བུའི་ཉིན་འགོ་བཙུགས་གནང་སྟེ་ཉིན་གསུམ་རིང་ཚོགས་ཀྱི་ཡོད་པ་རེད།
སེམས་གུ་ཡངས་ཀྱི་གློག་བརྙན་དུས་སྟོན་གོ་སྒྲིག་པ་བོད་ཀྱི་མཛངས་མའི་འགྲན་བསྡུར་གོ་སྒྲིག་གནང་མཁན་བློ་བཟང་དབང་རྒྱལ་ལགས་ཡིན་ཞིང་། ཁོང་གིས་འདི་ལོའི་ཉིན་གསུམ་རིང་གི་གློག་བརྙན་དུས་སྟོན་དེའི་ནང་། འཛམ་གླིང་གི་ས་ཕྱོགས་འདྲ་མིན་ནང་བཟོ་སྐྲུན་གནང་བའི་བོད་ཀྱི་གློག་བརྙན་རིགས་མི་འདྲ་བ་དང་ནང་དོན་མི་འདྲ་བ་དཔེར་ན། དངོས་བྱུང་གློག་བརྙན་དང་། གཏམ་བརྗོད་གློག་བརྙན་ཁག་བརྒྱ་ལྷག་འབྱོར་སོན་བྱུང་བ་རྣམས་ཚང་མ་དུས་ཐུང་ནང་སྟོན་ཐུབ་ཐབས་མེད་པར་བརྟེན་ནས་ཁོང་ཚོས་གློག་བརྙན་འདེམས་སྒྲུག་གིས་རྩེ་ཕུད་བཅོ་ལྔ་གཟིགས་འབུལ་ཞུ་རྒྱུ་ཡིན་པའི་སྐོར་གསུངས་འདུག
དེང་སྐབས་འཛམ་གླིང་ནང་དབུལ་པོའི་དཀའ་ངལ་སེལ་དགོས་པའི་སྐོར་ལ་དོ་སྣང་དང་། གླེང་གཞི་ཞིག་ཏུ་གྱུར་ཡོད་ཀྱང་། ཁག་ཅིག་གིས་དབུལ་པོའི་དཀའ་ངལ་སེལ་ཐབས་བྱེད་པའི་ཐབས་ཤེས་དེ་ཚོང་གི་ཁ་ཕྱོགས་སུ་བསྒྱུར་བཞིན་པའི་གནས་སྟངས་འབྱུང་རིམས་སྐོར་ལ་བཟོ་བསྐྲུན་བྱས་པའི་དངོས་བྱུང་གློག་བརྙན་དེ་ནི་ད་རེས་གློག་བརྙན་དུས་སྟོན་དེའི་ནང་གཟིགས་འབུལ་ཞུ་རྒྱུའི་གློག་བརྙན་དམིགས་བསལ་ཞིག་ཡིན་པའི་སྐོར་ངོ་སྤྲོད་གནང་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།