ཀི་ལིན་ཊོན་ནས་རྒྱ་ནག་ནང་ཐོབ་ཐང་ཐོག་ཞི་འཇམ་གྱི་རྣམ་འགྱུར།
2009.02.21
༄༅༎ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཊོན་མཆོག་རྒྱ་ནག་ནང་རྒྱལ་དོན་འཚམས་གཟིགས་གནང་བཞིན་ཡོད་པ་དང་གཟའ་སྤེན་པའི་ཉིན་ལྕམ་ཀི་ལིན་ཊོན་མཆོག་ནས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དབྱང་ཇལ་ཁྲེ་དང་ལྷན་དུ་གསར་འགོད་ལྷན་ཚོགས་སྤེལ་བའི་སྐབས་གསུང་དོན་ལ་དཔོན་རིགས་རྣམ་གཉིས་ཀྱིས་ཕྱོགས་གཉིས་དབར་དགོངས་ཚུལ་མི་མཐུན་པའི་གནད་དོན་དཔེར་ན་འགྲོ་བ་མིའི་ཐོབ་ཐང་གནད་དོན་དང་བོད་ཀྱི་གནད་དོན་དེ་བཞིན་ཆོས་ལུགས་རང་དབང་དང་འདུ་འཛོམས་རང་དབང་སོགས་ཀྱི་གནད་དོན་ཐོག་བཀའ་མོལ་གནང་ཡོད་པ་དང་ཡིན་ནའང་ལྕམ་ཀི་ལིན་ཊོན་མཆོག་ནས་རྒྱ་ནག་གི་དཔོན་རིགས་དང་ལྷན་དུ་གཙོ་བོ་ཡུལ་གྲུ་གཉིས་མཉམ་ལས་གནང་སྟེ་དེང་སྐབས་འཛམ་གླིང་གི་དཔལ་འབྱོར་གནས་སྟངས་ཉམས་ཉེས་སུ་འགྲོ་བཞིན་པ་སླར་གསོ་ཡོང་ཐབས་འབད་བརྩོན་གནང་རྒྱུའི་ཐོག་བཀའ་བསྡུར་གནང་རྒྱུ་མ་ཟད་བྱང་ཀོ་རི་ཡའི་རྡུལ་ཕྲན་གོ་མཚོན་བཟོ་སྐྲུན་ལས་འཆར་མཚམས་འཇོག་གི་གནད་དོན་དང་བདེ་འཇགས་གནད་དོན་།གནམ་གཤིས་འགྱུར་ལྡོག་སོགས་ཀྱི་གནད་དོན་ཐོག་བཀའ་མོལ་གནང་བའི་སྐོར་གསུངས་ཡོད་པ་རེད། ལྕམ་ཀི་ལིན་ཊོན་ཨ་རིའི་ཕྱི་སྲིད་དྲུང་ཆེའི་ཐུགས་འགན་བཞེས་ནས་རྒྱ་ནག་ནང་གི་འཚམས་གཟིགས་ཐོག་མ་དེ་ཡིན་ཞིང་ཁོང་གིས་ཕྱི་ལོ་དགུ་ཅུ་གོ་ལྔའི་ལོར་པེ་ཅིང་དུ་གསུང་བཤད་ཅིག་གནང་བའི་སྐབས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་ཤུགས་ཆེན་པོས་བསྐྱོན་བརྗོད་གནང་ཡོད་པར་བརྟེན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སོགས་ཀྱིས་ད་རེས་ཁོང་ཨ་རིའི་ཕྱི་སྲིད་དྲུང་ཆེའི་མཚན་ཐོག་ནས་རྒྱ་ནག་ནང་འཚམས་གཟིགས་གནང་བའི་རིང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་བསྐྱོན་བརྗོད་དང་རྒྱ་ནག་གི་དཔོན་རིགས་ཚོར་དེའི་སྐོར་གླེང་སློང་ཤུགས་ཆེན་པོ་ཞིག་གནང་རྒྱུའི་རེ་བ་ཆེན་པོ་བྱས་ཡོད་ན་ཡང་ད་རེས་ལྕམ་ཀི་ལིན་ཊོན་རྒྱ་ནག་ནང་འཚམས་གཟིགས་གནང་རིང་རྒྱ་ནག་ཐོག་དེ་སྔོན་དང་མི་འདྲ་བར་ཞི་འཇམ་གྱི་རྣམ་འགྱུར་བཏོན་གནང་ཡོད་པ་རེད༎