ཤར་ཏི་མུར་གྱིས་ཨེ་ཤེ་ཡའི་མཐུན་ཚོགས་སུ་གཞུག་རེ།

ཤར་ཏི་མུར་གྱི་དཔོན་རིགས་ཚོས་ཡུལ་གྲུ་དེ་བཞིན་ལྷོ་ཨེ་ཤེ་ཡའི་མཐུན་ཕྱོགས་ཡུལ་གྲུའི་ནང་མཉམ་ཞུགས་གནང་ཐུབ་རྒྱུར་འབད་བརྩོན།

༄༅༎ཤར་ཏི་མུར་གྱི་དཔོན་རིགས་ཚོས་ཡུལ་གྲུ་དེ་བཞིན་ལྷོ་ཨེ་ཤེ་ཡའི་མཐུན་ཕྱོགས་ཡུལ་གྲུའི་ནང་མཉམ་ཞུགས་གནང་ཐུབ་རྒྱུར་འབད་བརྩོན་གནང་བཞིན་ཡོད་པ་རེད་ ཤར་ཏི་མུར་གྱི་སྲིད་འཛིན་ཧོ་སེ་ར་མོ་སི་ཧོར་ཏ་མཆོག་གིས་ཤར་ཏི་མུར་དེ་བཞིན་ཕྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་ཕྱི་ཟླ་བཅུ་གཅིག་པའི་ནང་ཨིན་ཌོ་ནེ་ཤི་ཡའི་རྒྱལ་ས་ཇ་ཀར་ཏ་ནང་ཚུགས་རྒྱུའི་ལྷན་ཚོགས་ཀྱི་སྐབས་ལྷོ་ཨེ་ཤེ་ཡའི་མཐུན་ཕྱོགས་ཡུལ་གྲུའི་ཁོངས་གཏོགས་ཡུལ་གྲུ་ཨང་བཅུ་གཅིག་པ་དེ་ཆགས་ཐུབ་རྒྱུའི་ཐུགས་རེ་གནང་གི་ཡོད་པ་དེ་རིང་གཟའ་ལྷག་པའི་ཉིན་སིང་ག་ཕོར་རུ་གསུངས་ཡོད་པ་རེད་

ལྷོ་ཨེ་ཤེ་ཡའི་མཐུན་ཕྱོགས་ཡུལ་གྲུའི་ཁོངས་སུ་ཨིན་ཌོ་ནེ་ཤི་ཡ་ ལྦིཏ་ནམ་ སྦུརུ་ནའེ་ ཀེམ་སྦོ་ཌི་ཡ་ ལ་ཨོ་སི་ མ་ལེ་ཤི་ཡ་ འབར་མ་ ཕི་ལི་པིན་སི་ སིང་ག་པོར་ ཐའེ་ལེན་བཅས་རྒྱལ་ཁབ་བཅུ་ཡོད་པ་དང་ཕྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་མཐུན་ཕྱོགས་ཡུལ་གྲུའི་འགན་འཛིན་ཡུལ་གྲུ་དེ་བཞིན་ཨིན་ཌོ་ནེ་ཤི་ཡ་ཡུལ་གྲུར་འཁོར་གྱི་ཡོད་སྟབས་ཨིན་ཌོ་ནེ་ཤི་ཡས་འགན་འཛིན་ཡུལ་གྲུའི་ཐུགས་འགན་བཞེས་པའི་རིང་  མཐུན་ཕྱོགས་ཡུལ་གྲུའི་ལོ་རེའི་ལྷན་ཚོགས་དེ་བཞིན་ཨིན་ཌོ་ནེ་ཤི་ཡ་ཡུལ་གྲུའི་ནང་ཚོགས་དགོས་པ་དང་དེ་མིན་མཐུན་ཚོགས་ཀྱི་ལོ་འདིའི་ལས་དོན་ཚང་མའི་སྣེ་ཁྲིད་ཀྱི་ལས་འགན་འཁུར་དགོས་ཀྱི་ཡོད་པ་རེད་

ད་རེས་ཤར་ཏི་མུར་གྱི་སྲིད་འཛིན་མཆོག་ནས་དུས་སང་ཨིན་ཌོ་ནེ་ཤི་ཡའི་ནང་ལྷོ་ཨེ་ཤེ་ཡའི་མཐུན་ཕྱོགས་ཡུལ་གྲུའི་ལོ་འཁོར་ལྷན་ཚོགས་སྐབས་ཤར་ཏི་མུར་ཡང་ལྷོ་ཨེ་ཤེ་ཡའི་མཐུན་ཕྱོགས་ཡུལ་གྲུའི་ཁོངས་གཏོགས་སུ་ཞུགས་ཐུབ་རྒྱུའི་ཐུགས་རེ་གནང་གི་ཡོད་པ་དང་ ཤར་ཏི་མུར་དེ་བཞིན་དེ་སྔོན་པོར་ཅུ་གལ་གྱི་མེ་སེར་སྤེལ་ཡུལ་ཞིག་ཡིན་པ་དང་དེ་རྗེས་༡༩༧༥ལོར་ཨིན་ཌོ་ནེ་ཤི་ཡས་བཙན་འཛུལ་བྱས་ནས་འདས་པའི་ལོ་ངོ་མང་པོའི་རིང་ཡུལ་གྲུ་དེའི་མི་མང་གིས་ཨིན་ཌོ་ནེ་ཤི་ཡའི་བཙན་འཛུལ་ལ་ཁ་གཏད་ཀྱི་དམག་འཁྲུག་རྒྱབ་ནས་ཐར་༡༩༩༩ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱབ་སྐྱོར་འོག་མང་ཚོགས་ཀྱིས་མང་མོས་འོས་བསྡུའི་ཐོག་ནས་ཤར་ཏི་མུར་དེ་བཞིན་དངོས་སུ་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་པ་རེད་

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org