པ་ཀི་སི་ཐན་གྱི་ལྷོ་ཕྱོགས་སུ་ས་ཡོམ་བརྒྱབ་ཡོད་པའི་གནས་ཚུལ།
2008.10.29
༄༅༎དེ་རིང་ཕྱི་ཚེས་ཉི་ཤུ་དགུའི་ཉིན་སྔ་དྲོ་པ་ཀི་སི་ཐན་ལྷོ་ཕྱོགས་ངོས་སུ་ས་ཡོམ་འགུལ་ཚད་དྲུག་དང་གྲངས་ཆུང་བཞི་རྒྱབ་པའི་དབང་གིས་ཉུང་ཐར་མི་གྲངས་བརྒྱ་དང་དྲུག་ཅུ་ཙམ་རྐྱེན་ལམ་དུ་བཏང་ཡོད་པ་མ་ཟད་གཡས་གཡོན་དུ་ས་རུད་ཐེབས་ནས་ཁང་ཁྱིམ་དང་རྒྱ་ལམ་སོགས་ཐོག་འཐོར་བཤིག་ཤུགས་ཆེ་བྱུང་ཡོད་པ་རེད་བཞག
གོང་ཞུས་པ་ཀི་སི་ཐན་གྱི་ལྷོ་ཕྱོགས་ས་ཁུལ་ནང་ས་ཡོམ་འགུལ་ཚད་དང་དྲུག་ཚགས་བཞི་ཙམ་རྒྱབ་པའི་ནང་ནས་པ་ཀི་སི་ཐན་དང་ཨ་ཕེ་ག་ནི་སི་ཐན་གྱི་ས་མཚམས་སུ་གནས་པའི་ཞིང་པའི་ས་ཁུལ་བརྒྱད་ཙམ་ནང་ཐད་ཀར་གྱི་གནོད་འཚེ་ཤུགས་ཆེ་བྱུང་ནས་ད་ཆ་ས་ཁུལ་དེ་ཚོའི་ནང་མྱུར་སྐྱོབས་ལས་དོན་མི་སྣ་འབྱོར་སྟེ་མྱུར་སྐྱོབས་ཀྱི་ལས་འགུལ་སྤེལ་གནང་བཞིན་ཡོད་པ་རེད་ཅེས་ས་གནས་ཉེན་རྟོག་པ་དང་འབྲེལ་ཡོད་ཚན་པའི་ལས་ཁང་ནས་དེ་རིང་གསལ་སྟོན་གནང་འདུག ཡང་ས་ཡོམ་གྱི་དོན་རྐྱེན་དེའི་ནང་མི་གྲངས་བརྒྱ་དང་དྲུག་ཅུ་ཙམ་པའི་ཚེ་སྲོག་ཤོར་ཡོད་པ་རེད་ཅེས་དང་ད་དུང་ཡང་མུ་མཐུད་མི་ཤིའི་གྲངས་འཕར་སྣོན་འགྲོ་རྒྱུ་ཡིན་པ་དང་དེའི་ནང་ནས་མི་གྲངས་ཉི་ཤུ་རྩ་དགུ་ནི་ཁྱིམ་ཚང་གཅིག་ནང་གི་མི་སྣ་ཡིན་ལུགས་འབྲེལ་ཡོད་ཚན་པའི་མགྲིན་ཚབ་པ་ཀུ་ཤལ་ཁའན་ཡིས་གསལ་སྟོན་གནང་བཞག ཡང་ཁུལ་དེའི་ནང་གཏན་སྡོད་བྱེད་མཁན་མི་སྣ་ཚོས་བརྗོད་པར་གཞིགས་ན་ས་ཡོམ་གྱི་དོན་རྐྱེན་དེའི་ནང་མི་གྲངས་སྟོང་ཕྲག་དྲུག་ཙམ་གྱི་ཁང་ཁྱིམ་འཐོར་བཤིག་ཏུ་ཕྱིན་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱས་འདུག ད་རེས་ས་ཡོམ་གྱི་དོན་རྐྱེན་དེ་པ་ཀི་སི་ཐན་ལྷོ་ཕྱོགས་ངོས་སུ་གནས་པའི་ས་མཚམས་གྲོང་གསེབ་ས་ཁུལ་ནང་བྱུང་ཡོད་ཅིང་ས་ཡོམ་འགུལ་ཚད་ཤུགས་ཆེར་བརྟེན་ནས་ཁང་ཁྱིམ་མང་པོ་འཐོར་བཤིག་ཕྱིན་ཡོད་པ་མ་ཟད་རྒྱ་ལམ་དང་སྲང་ལམ་སོགས་མི་འགྲོ་བསྐྱོད་བྱེད་སའི་ས་ཆ་ཁག་ཀྱང་རྡོ་དང་ས་ཡིས་བཀག་བསྡད་ཡོད་པ་རེད་བཞག ས་ཡོམ་རྒྱབ་སའི་ས་ཁུལ་ནང་སྡོད་མཁན་མི་སྣ་ཚོས་བརྗོད་ན་གྲང་ངར་ཆེ་བའི་གནམ་གཤིས་དེའི་སྐབས་ས་ཡོམ་རྒྱབ་དུས་མི་མང་ཚོས་རང་ཁྱིམ་ནས་བྲོས་ཐབས་བྱེད་པ་ཁག་དངངས་སྐྲགས་ཅན་གྱི་གནས་ཚུལ་མཐོང་རྒྱུ་ཡོད་པ་མ་ཟད་བརྙན་འཕྲིན་ཁག་ནང་རྒྱ་ལམ་ཐོག་གི་གནས་ཚུལ་གསལ་པོ་མཐོང་ཡས་འདུག་ཅེས་སྐབས་དེར་གནས་ཚུལ་དངོས་སུ་མིག་མཐོང་བྱུང་བའི་མི་སྣ་ཞིག་གིས་གསར་འགོད་པར་གསལ་སྟོན་གནང་འདུག