མདོ་ལྷོ་བསང་ཆུ་རྫོང་དང་གཙོད་སོཊ་སུ་འགུལ་ཚད་རིམ་པ་༥.༧་ཅན་གྱི་ས་ཡོམ་རྒྱབ་འདུག
2019.10.28
བསང་ཆུ་རྫོང་དང་གཙོད་ཕྱོགས་སུ་འགུལ་ཚད་རིམ་པ་༥.༧་ཅན་གྱི་ས་ཡོམ་རྒྱབ་ནས་ཁང་པར་གས་ཆག་ཤོར་བ་སོགས་ཀྱི་གནས་ཚུལ་བྱུང་འདུག
སྤྱི་ཟླ་༡༠་བའི་སྤྱི་ཚེས་༢༨་ཉིན་གྱི་ཐོ་རེངས་ཆུ་ཚོད་༡་དང་སྐར་མ་༥༦་ཙམ་གྱི་ཐོག རྒྱ་ནག་གིས་བརྗོད་བཞིན་པའི་ཀན་སུའུ་ཞིང་ཆེན་མདོ་ལྷོའམ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་ཕྱོགས་སུ་ས་ཡོམ་འགུལ་ཚད་རིམ་པ་༥.༧་ཅན་ཞིག་བརྒྱབ་པ་དང་། ས་འགུལ་དེ་མདོ་ལྷོ་གཙོད་གྲོང་ཁྱེར་དང་། བསང་ཆུ་རྫོང་དུ་ཡོམ་ཚོར་ཆེ་ཤོས་བྱུང་ཡོད་ཅིང་། གཞན་ཀླུ་ཆུ་དང་། རྨ་ཆུ། ལན་ཀྲོའུ་དང་། རྨ་ལྷོ་རེབ་གོང་སོགས་སུ་ཡོམ་ཚོར་བྱུང་ཡོད་འདུག
བོད་ནང་གི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་དོན། ས་ཡོམ་དེ་ཉུང་མཐར་ཐེངས་གསུམ་ཙམ་རྒྱབ་ཡོད་པ་དང་། ས་ཡོམ་རྒྱབ་མ་ཐག་མདོ་ལྷོ་བསང་ཆུ་རྫོང་བོད་རིགས་སློབ་འབྲིང་དང་། བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་དགེ་འདུན་པ། གཙོད་དགེ་ཐོན་སློབ་གྲྭའི་སློབ་མ་སོགས་ཀྱི་མཚོན་ས་གནས་མི་དམངས་ཚོར་རྔམ་སྐྲག་གང་མཚམས་བསླངས་ཏེ་ཁང་པའི་ཕྱི་ནས་འདུག་དགོས་པ་སོགས་བྱུང་ཡོད་པ་མ་ཟད། ཁང་པ་དང་རྩིགས་པ་བཅས་ལ་གས་ཆག་འཐོར་བཤིག་ཤོར་ཡོད་པ་ཡང་མཐོང་རྒྱུ་ཡོད་འདུག་ལ། ད་ལྟའི་བར་མི་སྣ་ཤི་རྨས་ཀྱི་གནས་ཚུལ་གོ་ཐོས་མི་འདུག་ཟེར།
དེའི་ཐད་རྒྱ་ནག་གི་གསར་ལམ་ཁག་ནང་། ས་ཡོམ་གྱི་གནོད་འཚེ་ཐོན་རྗེས། བསང་ཆུ་རྫོང་གྲོང་གི་མང་ཚོགས་རྣམས་རྒྱ་ལམ་ཐོག་ཏུ་ཉེན་གཡོལ་བྱེད་པར་སླེབས་ཡོད། ཤང་དང་གྲོང་བརྡལ་ཁག་གིས་གནོད་འཚེའི་གྱོང་གུན་བསྡོམ་རྩིས་རྒྱག་བཞིན་ཡོད་པ་དང་། དལ་ལྟའི་བར་མི་སྣ་ཤི་རྨས་ཀྱི་གནས་ཚུལ་འབྱོར་མེད་པ་འཁོད་འདུག