ཨེ་ཤེ་ཡའི་མངའ་ཁུལ་གྱི་ཞི་བདེར་གནོད་ཚབས་བཟོ་གཞི།
2009.12.04
༄༅༎ཨོ་སེ་ཀྲེ་ལི་ཡའི་སྲིད་བློན་མཆོག་གིས་རང་བྱུང་ཁོར་ཡུག་ཉམ་རྒུད་འགྲོ་བཞིན་པ་དེས་ཨེ་ཤེ་ཡའི་མངའ་ཁུལ་གྱི་ཞི་བདེར་གནོད་ཚབས་བཟོ་རྒྱུའི་ཉེན་ཁ་་ཡོད་ལུགས་གསུངས་ཡོད་འདུག
ཨེ་ཤེ་ཡའི་གླིང་ཕྲན་གྱི་ཆབ་སྲིད་དང་ཚོང་དོན་མི་སྣའི་ལྷན་ཚོགས་ཤིག་ཐོག་གསུངས་བཤད་གནང་བའི་སྐབས་ཨོ་སེ་ཀྲེ་ལི་ཡའི་སྲིད་བློན་མཆོག་གིས་ཨེ་ཤེ་ཡའི་མངའ་ཁུལ་གྱི་ཡུལ་གྲུའི་དབར་དོ་སྣུམ་དང་གཞན་ཡང་རང་བྱུང་ཐོན་ཁུངས་མང་པོ་ཞིག་ཐོག་རྩོད་རྙོག་ཡོད་བཞིན་པའི་དཀའ་ངལ་རྣམས་ལུང་འདྲེན་གནང་བ་དང་ཆབས་ཅིག་དེ་དག་རིམ་པས་མ་སེལ་བ་ཡིན་ན་ཞི་བདེའི་ཁོར་ཡུག་སྐྲུན་ཐབས་སུ་དོ་ཕོག་འགྲོ་རྒྱུ་དང་ལྷག་པར་དུ་སའི་གོ་ལའི་ཚ་དྲོད་མྱུར་ཚད་ཆེན་པོའི་ཐོག་ནས་འགྱུར་ལྡོག་འགྲོ་བཞིན་པ་དེའི་ཐོག་ད་ལྟ་ནས་ཚང་མས་འཁུར་ལེན་ནས་གདོང་ལེན་མ་བྱས་ཚེ་དཔལ་འབྱོར་དང་། མིའི་སྲུང་སྐྱོབ། ཟ་འབྲུ། འཐུང་ཆུ་སོགས་གང་ས་ཅིའི་ཐད་ནས་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་རྒྱུའི་ཉེན་ཁ་ཡོད་པའི་སྐོར་གསུངས་ནས་གང་ལྟར་ཡུལ་གྲུ་སོ་སོའི་ངོས་ནས་ད་ལྟ་ནས་མི་མཐུན་པའི་རིགས་གྲོས་མོལ་གྱི་ལམ་ནས་སེལ་ཐབས་ཀྱིས་མ་འོངས་པར་ཉེན་ཁ་མི་ཡོང་བའི་དགོངས་པ་བཞེས་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་དགོངས་ཚུལ་གསུངས་ཡོད་པ་རེད།