རྒྱ་ནག་ནང་ཐན་པ་བསྟན་པའི་དཀའ་ངལ།
2011.07.24
༄༅༎རྒྱ་ནག་གི་ལྷོ་ཕྱོགས་གུའང་ཤི་ཀྲུའང་རང་སྐྱོང་ས་ཁུལ་དུ་ཆར་པ་མི་བབས་པར་བརྟེན་ནས་ས་གནས་ཡུལ་མི་ཁྲི་ལྔ་ལ་ཚབས་ཆེའི་ཐེན་པ་བསྟེན་པའི་དཀའ་ངལ་འོག་ལྷུངས་བཞིན་ཡོད་པའི་སྐོར་ས་གནས་ཀྱི་ཆུ་ལོག་དང་ཐེན་པའི་གནོད་འཚེ་ངལ་སེལ་དཔོན་རིགས་ནས་བཤད་ཡོད་པ་རེད།
གུའང་ཤི་ཀྲུའང་རང་སྐྱོང་ས་ཁུལ་དེའི་སྦའེ་སེ་གྲོང་ཁྱེར་ནང་དུ་ས་ཞིང་སོན་ཁལ་ཆིག་འབུམ་བརྒྱད་ཁྲི་ཡི་ལོ་ཏོག་གམ་གྲོང་ཁྱེར་དེའི་ཁྱོན་ཡོངས་ཀྱི་ཐོན་སྐྱེས་ཀྱི་ས་ཞིང་གི་བརྒྱ་ཆ་༤༡ དང་གྲངས་ཆུང་༣ ཐེན་པས་རྩ་མེད་དུ་ཕྱིན་ཡོད་པ་དང༌། དེ་བཞིན་གྲོང་ཁྱེར་ཧེ་ཀྲུའུ་ནང་ས་ཞིང་སོན་ཁལ་གཉིས་འབུམ་དགུ་ཁྲི་ཡི་ལོ་ཏོག་ཀྱང་ཐེན་པའི་དཀའ་ངལ་འོག་རྩ་མེད་དུ་ཕྱིན་ཡོད་པ་རེད། གྲོང་ཁྱེར་དེ་གཉིས་ནང་གི་ཡུལ་མི་ཁྲི་ལྔ་ཙམ་ལ་འཐུང་ཆུ་མི་ཐོབ་པའི་དཀའ་ངལ་ཐོག་ལྷུངས་བཞིན་ཡོད་པ་མ་ཟད། ཆར་ཆུ་རྩ་བ་ནས་མི་འབབ་པར་ཐེན་པ་མུ་མཐུད་བསྟེན་པའི་རྐྱེན་གྱིས་གཙང་ཆུ་ཡང་སྐམ་འགྲོ་བ་དང་འདས་ཟིན་པའི་ལོའི་ནང་གཙང་པོའི་ཆུའི་མཐོ་ཚད་ནས་བརྒྱ་ཆ་༦༥ སྐམ་ཟིན་ཡོད་པ་རེད། འོན་ཀྱང་རྒྱ་ནག་གི་བྱང་ཕྱོགས་ཁུལ་དུ་ཆར་ཞོད་ཆེན་པོ་འབབ་ཏེ་ཆུ་ལོག་གི་གནོད་འཚེ་ཡོང་རྒྱུའི་ཉེན་བརྡ་གཏོང་གི་ཡོད་པ་དང༌། དེ་ནི་རྒྱ་ནག་རྒྱལ་ཡོངས་གནམ་རིག་ལས་ཁང་གི་བཤད་པར་གཞིགས་ན། རེས་གཟའ་ཉི་མའི་ཉིན་རྒྱ་ནག་གི་བྱང་ཕྱོགས་དང་བྱང་ཤར་ཁུལ་གྱི་ས་ཁུལ་མང་ཆེ་བའི་ནང་འབྲུག་སྒྲ་དང་ཆར་རླུང་དྲག་པོ་རྒྱབ་རྒྱུ་དང༌། དེ་བཞིན་རེས་གཟའ་ཉི་མ་དང་ཟླ་བ་བར། ནང་སོག་རང་སྐྱོང་ཁུལ་དང༌། ཧེ་བེ་ཞིང་ཆེན་དང་ཧྲན་ཏོང་ཞིང་ཆེན། པེ་ཅིང་དང་ཏིའན་ཅིན་གྲོང་ཁྱེར་ནང་དྲག་ཆར་ཤུགས་ཆེ་འབབ་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད།།